དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འགྲུལ་སྐྱེལ་དང་སྦྲག་སྲིད་མཉམ་འདྲེས་ཐུབ་ནས་མྱུར་སྐྱེལ་བསྐུར་མ་གྲོང་ཚོར་འབྱོར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཁྲེང་ཡིའུ། ལིའུ་ཅ་ཧྭ།   |     སྤེལ་དུས།  2024-08-21

    འདི་ནི་དམིགས་བསལ་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་སྟེ། མདུན་ཕྱོགས་སུ་འགྲུལ་པ་སྡོད་ས་དང་རྒྱབ་ཕྱོགས་སུ་དངོས་ཟོག་བླུག་ས་ཡིན་ལ། ད་དུང་འཁྱགས་སྒམ་ཡང་ཡོད། སྔ་དྲོའི་ཆུ་ཚོད་8པར་ཁ་ལོ་བ་ཤིང་ཞའོ་ལུང་གིས་མྱུར་སྐྱེལ་ཁུག་མ་ཆེན་པོ་7རླངས་འཁོར་ནང་བླུགས་པ་དང་། ལེའོ་ཉིང་ཞིང་ཆེན་ཕན་ཅིན་གྲོང་ཁྱེར་ཏ་ཝ་ཆུས་ཤིན་ཤིང་གྲོང་རྡལ་འགྲུལ་སྐྱེལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ནས་ཐོན་ཏེ་གྲོང་གསེབ་ཏུ་བསྐྱོད།

    ཤིན་ཤིང་གྲོང་རྡལ་ཝང་ཅ་གྲོང་ཚོའི་ལོ་73ལ་སླེབས་པའི་གྲོང་མི་ཞ་ཀུའེ་ཀྲུའུ་ཡིས་ཚོང་འདུས་ལ་བསྐོར་རྗེས་རྒན་རྒོན་གཱ་སྤྱད་དེ་རླངས་འཁོར་ནང་བསྡད། “སྤྱི་སྤྱོད་རླངས་འཁོར་བསྡད་ནས་གྲོང་ཚོར་ལོག་ན་བདེ་འཇགས་ལྡན་ལ་སྟབས་བདེ་བ་མ་ཟད། རྒན་རྒོན་གཱ་སྤྱད་ཚེ་བདལ་གླ་ཡང་སྤྲོད་དགོས་མེད”ཅེས་བཤད།

    དེ་སྔ་ཕན་ཅིན་གྲོང་གསེབ་ཏུ་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་མེད་སྟབས། གྲོང་མི་མང་ཆེ་བ་འཁོར་གསུམ་སྦག་སྦག་གམ་ཡང་ན་སྒེར་གྱི་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ནས་ཕྱིར་སྐྱོད་ཀྱི་ཡོད།

    མི་དམངས་ཀྱི་རེ་འདུན་ལ་གཞིགས་ནས་སྒྱུར་བཅོས་བྱེད། ཕན་ཅིན་གྱིས་ཉེ་བའི་ལོ་ཤས་རིང་ས་ཁོངས་ཡོངས་ཀྱི་འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་གཞི་གཅིག་ཅན་གྱི་སྒྱུར་བཀོད་ལེགས་སྒྲུབ་བྱས་ཏེ། འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་43ཤར་གཏོང་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཞབས་ཞུའི་མ་ལག་བསྐྲུན་པ་རེད།

    གྲོང་མིའི་ཕྱིར་སྐྱོད་ཀྱི་གནད་དོན་རྙིང་པ་ཐག་བཅད་རྗེས་གྲོང་ཚོའི་མྱུར་སྐྱེལ་གྱི་དགོས་མཁོ་གསར་པ་ཇི་ལྟར་སྐོང་དགོས་སམ། ཕན་ཅིན་འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་ཚོགས་པས་སྦྲག་སྲིད་ཀུང་སི་དང་མཉམ་ལས་བྱས་ནས་སྤྱི་སྤྱོད་རླངས་འཁོར་གྱིས་སྦྲག་སྐྱེལ་པའི་ཚབ་བྱས་ཏེ་གྲོང་ཚོར་བསྐུར་མ་སྐྱེལ་ལེན་བྱེད་སྟངས་འཚོལ་ཞིབ་བྱས་པ་རེད།

    ད་ལོའི་ཟླ་4པར་ཕན་ཅིན་གྲོང་ཁྱེར་གྱི་ས་ཁོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ལྗང་མདོག་སྡེབ་སྐྱེལ་དང་མྱུར་སྐྱེལ་ཞབས་ཞུའི་མ་ལག་དངོས་སུ་སྐྲུན་འགོ་ཚུགས་པ་རེད། ཕན་ཅིན་འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་ཚོགས་པའི་ཏུང་ཧྲི་ཀྲང་ལི་ཧོའུ་ལིན་གྱིས“ང་ཚོས་མྱུར་སྐྱེལ་ཁེ་ལས་མང་པོ་དང་མཉམ་ལས་གྲོས་མཐུན་བཞག་ནས། མཐའ་སྣེའི་སྡེབ་སྐྱེལ་ཚད་ལྡན་ཅན་གྱི་ཞབས་ཞུའི་མ་ལག་དང་རང་འགུལ་ཅན་གྱི་དབྱེ་འབྱེད་ལྟེ་གནས་བསྐྲུན་ཏེ་གྲོང་ཚོར་མྱུར་སྐྱེལ་ཁུག་མ་སྐྱེལ་བའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད”ཅེས་བཤད།

    འཁྱུག་ཙམ་ཞིག་ལ་ཝང་ཅ་གྲོང་ཚོར་འབྱོར། རླངས་འཁོར་ལི་ཤིན་སྒོ་རྩིས་ཚོང་ཁང་གི་སྒོ་ཁར་ཁ་བཀག་པ་དང་། ཚོང་ཁང་གི་སྦྱིན་བདག་ཀྲོའུ་དབྱིན་གྱིས་ཤིང་ཞའོ་ལུང་གི་ལག་ནས་མྱུར་སྐྱེལ་ཁུག་མ་བླངས་ཏེ་ལག་ཐོགས་ཁ་པར་ནས་མཛོད་འཇུག་གི་ཐོ་འགོད་བྱས་རྗེས་ཟོག་སྒྲོམ་ཐོག་བཞག

    ལི་ཤིན་སྒོ་རྩིས་ཚོང་ཁང་ནི་སྦྲག་སྐྱེལ་ས་ཚིགས་ཤིག་ཡིན་པ་དང་། ད་ལོར་མྱུར་སྐྱེལ་ཀུང་སི་མང་པོའི་གྲོང་ཚོ་རིམ་པའི་ས་ཚིགས་སུ་གྱུར་ཡོད། ཀྲོའུ་དབྱིན་གྱིས“ངར་ཡོང་སྒོ་མང་དུ་ཕྱིན་པ་དང་གྲོང་མི་ཚོའང་གྲོང་རྡལ་དུ་མྱུར་སྐྱེལ་ལེན་པར་འགྲོ་དགོས་ཀྱི་མེད”ཅེས་བཤད། ཁོང་གིས་རྩིས་བརྒྱབ་པར་གཞིགས་ན་ཉིན་ལྟར་གཞི་རྩའི་ཆར་མྱུར་སྐྱེལ་ཁུག་མ་70ཡན་ཚབ་ལེན་བྱེད་ཀྱི་ཡོད།

    མྱུར་སྐྱེལ་གྲོང་ཚོར་འབྱོར་བ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་བསྐྱལ། ཉེ་ཆར་ཀྲོའུ་དབྱིན་ཚོང་ཁང་ནང་སྡིག་སྲིན་སྒམ་སྔ་སྣུར་དུ་གྲ་སྒྲིག་བྱས་ཡོད། “མི་རིང་བར་སྡིག་སྲིན་ཁྲོམ་རར་འདོན་རྒྱུ་ཡིན་པས་གྲོང་མི་ཚོ་དེ་གར་ཐུམ་སྒྲིལ་རྒྱག་པར་ཡོང་བ་དང་། སྤྱི་སྤྱོད་རླངས་འཁོར་བརྒྱུད་གྲོང་རྡལ་དུ་སྐྱེལ་གྱི་ཡོད། རླངས་འཁོར་ནང་འཁྱགས་སྒམ་ཡོད་པས་སོས་ཉར་ཐུབ་ཀྱི་ཡོད”ཅེས་ཀྲོའུ་དབྱིན་གྱིས་བཤད།

    སྤྱི་སྤྱོད་རླངས་འཁོར་གྲོང་རྡལ་ཡོངས་ཀྱི་གྲོང་ཚོ་རིམ་པའི་ས་ཚིགས་7བརྒྱུད་པ་དང་། གྲོང་ཚོ་རེ་རེ་བཞིན་དུ་མྱུར་སྐྱེལ་ཁུག་མ་སྐྱེལ་ལེན་བྱས་རྗེས་འགྲུལ་སྐྱེལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་ལོག་གི་ཡོད། ཤིང་ཞའོ་ལུང་གིས་གྲོང་ཚོ་ཁག་ནས་བསྡུ་ལེན་བྱས་པའི་མྱུར་སྐྱེལ་ཁུག་མ་རིགས་དབྱེ་རྗེས་ཟོག་འགྲེམས་རླངས་འཁོར་གྱིས་སྐྱེལ་འདྲེན་བྱ་རྒྱུར་བསྒུགས་ནས་སྡོད་པ་དང་། ཅུང་ཙམ་ངལ་གསོས་རྗེས་སླར་ཡང་ཐོན་གྱི་ཡོད། ཉིན་གཅིག་ནང་དེ་ལྟར་ཐེངས་གསུམ་འགྲོ་དགོས་ཀྱི་ཡོད།

    ཤིན་ཤིང་གྲོང་རྡལ་འགྲུལ་སྐྱེལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ས་ཚིགས་དེ་སྤྱི་སྤྱོད་རླངས་འཁོར་དང་། སྦྲག་སྲིད། མྱུར་སྐྱེལ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་བར་བརྒྱུད་ལྟེ་གནས་སུ་གྱུར་ཏེ་སྤྱོད་སྒོ་ཤིན་ཏུ་མང་པོ་ཡོད། “སྤྱི་སྤྱོད་རླངས་འཁོར་གྱིས་མྱུར་སྐྱེལ་སྐྱེལ་རོགས་དང་ལེན་རོགས་བྱས་པར་བརྟེན་གྲོང་རྡལ་ཡོངས་ཀྱི་བསྐུར་མ་ན་ནིང་ལས་བཅུ་ཆ་གསུམ་འཕར་ཡོད”ཅེས་འགྲུལ་སྐྱེལ་ས་ཚིགས་ཚོམས་ཆེན་དུ་བསྐུར་མ་དབྱེ་བ་འབྱེད་བཞིན་པའི་ཤིན་ཤིང་སྦྲག་སྲིད་ཅུས་ཀྱི་སྦྲག་པ་ཀྲོའུ་པིན་གྱིས་གསར་འགོད་པར་བཤད།

    མིག་སྔར་ཕན་ཅིན་དུ་ཁྱོན“འགྲུལ་སྐྱེལ་དང་སྦྲག་སྲིད་མཉམ་འདྲེས”ཀྱི་ལམ་ཐིག་18ཡོད་པ་དང་མཛོད་ཁང་ཡོད་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་70ཡོད་ལ། རྫོང་རིམ་པའི་མྱུར་སྐྱེལ་དབྱེ་གསེས་ལྟེ་གནས་4དང་། གྲོང་རྡལ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་15 གྲོང་ཚོ་རིམ་པའི་མྱུར་སྐྱེལ་ས་ཚིགས་301བཅས་བཙུགས་ཏེ་སྒྲིག་ཁོངས་གྲོང་ཚོ་ཚང་མར་ཁྱབ་ཡོད་པ་རེད།

    རླངས་འཁོར་གཅིག་ལ་ནུས་པ་མང་བ་དང་ས་ཚིགས་གཅིག་ལ་སྤྱོད་སྒོ་མང་། སྤྱི་སྤྱོད་རླངས་འཁོར་གྱི་ཞབས་ཞུའི་རྣམ་པར་འགྱུར་ལྡོག་སོང་བ་ནི་ཕན་ཅིན་གྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་དཔེ་མཚོན་ཞིག་རེད།

    གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་ཐད“དུད་ཚང་གིས་གཅིག་གྱུར་ངང་བསྡུ་བ་དང་གྲོང་ཚོས་བསྡུ་ལེན”གྱི་རྣམ་པ་སྤྱད་པ་དང་། གྲོང་གསེབ་ཀྱི་གཅིག་སྡུད་ཆུ་མཁོ་འདོན་བྱེད་ཚད་100%ཟིན་པ། གྲོང་གསེབ་ཏུ་སྣུམ་ནག་གཞུང་ལམ་ཡོངས་སུ་ཁྱབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་བཙུགས་བུ་བཅོལ་ཁང་གི་ཀུན་ཕན་ཐོབ་ཚད་གཅིག་པ་ཡིན་པ་ལ་སོགས། ཕན་ཅིན་གྱིས་བཟོ་ལས་ཅན་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་བཅས་ལ་སྤྱི་འདོམས་བྱས་ཏེ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་གྲོང་གསེབ་ཏུ་སྣུར་སྲིང་དང་སྤྱི་པའི་ཞབས་ཞུ་གྲོང་གསེབ་ཏུ་ཁྱབ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཕན་ཅིན་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས“‘གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྒྱུ་འདྲ་མཉམ་བརྗེ་རེས་དང་ཕྱོགས་གཉིས་ཕན་ཚུན་འཁོར་སྐྱོད་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས’ཞེས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་ང་ཚོར་མུ་མཐུད་སྒྱུར་བཅོས་ཟབ་གཏོང་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། གོམ་སྟབས་རྗེས་མར་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཆར་འགོད་དང་། འཛུགས་སྐྲུན། དོ་དམ། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་དུ་གཏོང་གི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།