ཤ་རིགས་སྐོར་གྱི་རྒྱུན་ཤེས།
ས་བབ་མཐོ་ཞིང་གསོ་རླུང་འདུས་ཚད་དམའ་ལ་གྲང་ངར་ཆེ་བའི་ཁུལ་དུ་ཤ་རིགས་ཟ་མང་བས། ང་ཚོས་ཤ་རིགས་སྐོར་གྱི་རྒྱུན་ཤེས་ལ་རྒྱུས་ལོན་བྱ་གལ་ཆེ་སྟེ། བོད་ལུགས་གསོ་རིག་གཞུང་ལུགས་ནང་དུ་འདི་ལྟར་འཁོད་ཡོད།
1.ལུག་གི་ཤ་ནི་ནུས་པ་སྣུམ་ཞིང་དྲོ་བས། སྟོབས་འཕེལ་ཞིང་ལུས་ཟུངས་སྐྱེད། རླུང་དང་བད་ཀན་སེལ་ཞིང་དང་ག་འབྱེད་པར་བྱེད་དོ།
2.ར་ཤ་ནི་ནུས་པ་ལྕི་ལ་བསིལ་བས་འཇུ་དཀའ་བའི་ཕྱིར་ཉེས་པ་གསུམ་(རླུང་། མཁྲིས་པ། བད་ཀན)སློང་ཞིང་། བསེ་དུག་དང་འབྲུམ་ནག མེས་ཚིག་རྨ་རྣམས་ལ་ཕན་ནོ།
3.བ་གླང་གི་ཤ་ནི་བསིལ་ལ་སྣུམ་པས། རླུང་དང་ལྡན་པའི་ཚད་པ་སེལ་ལོ།
4.ཕག་གི་ཤ་ནི་ནུས་པ་བསིལ་ལ་ཡང་བས་རྨ་འཇིག་གམ་བཤིག་ཅེས། རྨ་ཁ་གསོ་བར་གནོད། སྨུག་པོ་རྒྱས་པ་སེལ། བཅུད་ཤིན་ཏུ་ཉུང་བས་རླུང་འཕེལ་བ་ཡིན་ནོ།
5.གཡག་གི་ཤ་ནི་ནུས་པ་སྣུམ་ལ་དྲོ་བས་གྲང་བ་སེལ་ཞིང་ཁྲག་མཁྲིས་བསྐྱེད་དོ།
6.ཉ་ཤས་ཕོ་བའི་བད་ཀན་གྱི་ནད་སེལ་བ་དང་། དང་ག་འབྱེད། མིག་གསལ། རྨ་འབྲས་དང་བད་ཀན་བཤིག་པར་བྱེད་དོ།