ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི“གཉིས་འགུགས་གཉིས་འདྲེན”གྱི་ངོ་སྤྲོད་འོས་སྦྱོར་ཚོགས་འདུར་གཡུར་ཟའི་གྲུབ་འབྲས་ཐོབ་པ།
ཚེས་15ཉིན་གསར་འགོད་པར་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བའི“གཉིས་འགུགས་གཉིས་འདྲེན”གྱི་ངོ་སྤྲོད་འོས་སྦྱོར་ཚོགས་འདུ་དང་གཅིག་སྡུད་གན་རྒྱ་འཇོག་པའི་བྱེད་སྒོ་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་བྱེད་སྒོར་བོད་སྐྱོར་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཁག་18ལ་གན་རྒྱ་བཞག་པ་དང་། གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར་104.07ཟིན་པ། རིམ་པ་མཐོ་བའི་ཤེས་ལྡན་པའི་འཐུས་མི་12སྐབས་བསྟུན་ནང་འདྲེན་གྱི་གན་རྒྱ་བཞག་པ་དེ་དག་ནུས་རྒྱུ་གཙང་མ་དང་། ཁྱད་ལྡན་ཞིང་འབྲོག་ལས། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། སློབ་གསོ། ས་མཐོའི་སྐྱེ་ཁམས། གསོ་རིག་སྨན་བཅོས། ཞིང་འབྲོག་ལས་སོགས་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པ་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་གསོན་ཤུགས་གསར་པ་བསྣན་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་དང་ཚོང་འགུགས་མ་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ“ལས་གྲྭ་ཨང་དང་པོར”བརྩིས་ནས་ཡུལ་བབ་དང་བསྟུན་ཏེ་ཚོང་འགུགས་མ་འདྲེན་གྱི་རྣམ་པ་གསར་པ་བཏོད་པ་དང“རྣམ་གྲངས་དང་། ཐོན་ལས། གླིང་ཁུལ། བོད་སྐྱོར”བཅས་ཀྱི་ཚོང་འགུགས་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག་ཚོང་གཉེར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ནུས་ཤུགས་ཡོད་རྒུས་བཏོད་དེ། ཁེ་ལས་མཁས་ཅན་གྱིས་བོད་ལ་མ་འཇོག་བྱེད་པར་རྣམ་གྲངས་ཡག་པོ་དང་གདམ་ག་ཡག་པོ་དེ་བས་མང་བ་མཁོ་འདོན་བྱས་ཡོད། ཁྲལ་བསྡུ་དང་། དངུལ་རྩ། ཐོན་ལས་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་ཐད། རང་ལྗོངས་ཀྱིས་2021ལོར《བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས་འགའ་ཞིག》བཏོན་ནས། སྐུལ་ལྕག་རིགས་ཀྱི་ཐོན་ལས་དང་ཁེ་ལས་ལ་ཁྲལ་ཚད་15%ཉུང་དུ་བཏང་བར་གཞིགས་ནས་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུ་རྒྱུ་དང་། ཁེ་ལས་ཀྱིས་བོད་དུ་ཡོད་པའི་དངུལ་རྩའི་སྒྲིག་གཞི་ནས་དངུལ་བུན་རེ་ཞུ་བྱེད་སྐབས་ཆ་སྙོམས་སྐྱེད་ཚད་དེ་རྒྱལ་ཡོངས་ཀྱི་གཞི་རྩའི་སྐྱེད་ཚད་ལས་བརྒྱ་ཆའི་གྲངས་2ཀྱིས་དམའ་བ། ཁེ་ལས་ཀྱིས་བོད་དུ་ཐོག་མར་ཁྲོམ་རར་འདོན་པ་དང་ཁེ་ལས་འབྲིང་ཆུང་གི་མ་རྐང་བརྒྱུད་བཤུག་མ་ལག་ནང་ཞུགས་ཚེ“འཕྲལ་ཞུ་འཕྲལ་ཞིབ་དང་འཕྲལ་ཞིབ་འཕྲལ་སྤེལ”གྱི་ཐོགས་མེད་བགྲོད་ལམ་སྲིད་ཇུས་ལོངས་སྤྱོད་ཆོག་པས་ཁྲོམ་རར་འདོན་པར་གྲལ་སྒྲིག་ནས་སྒུག་པའི་དུས་ཚོད་གྲོན་ཆུང་ཆེན་པོ་ཐུབ་པ་བཅས་ཁ་གསལ་བཟོས་པ་རེད།
རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཝང་ཡིའུ་ཧྭ་ཡིས། མིག་སྔར་ལྗོངས་ཡོངས་སུ་ཁྱོན་ཚོང་འགུགས་གྲབས་གསོག་རྣམ་གྲངས་392ཡོད་པ་དང་ཚོད་རྩིས་བྱས་ན་མ་འཇོག་སྒོར་དུང་ཕྱུར་944.7ཟིན་ཡོད། ད་ཡོད་ཀྱི་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་གླིང་ཁུལ་13ཟིན་པ་དང་ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་19.7%འཕར་བ་དང་། དམངས་ཁྲོད་མ་འཇོག་49.7%འཕར་བ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་132.4%འཕར་བ་བཅས་དཔལ་འབྱོར་དམིགས་ཚད་གཙོ་བོ་མུ་མཐུད་ལེགས་སུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
བོད་ལ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཉི་ནུས་དང་། རླུང་ནུས། ཆུ་ནུས། ས་འོག་ཚ་ནུས་བཅས་ཀྱི་ནུས་རྒྱུ་གཙང་མ་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་ནུས་རྒྱུ་གཙང་མར་དམིགས་ནས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུ་དེ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། ད་ཐེངས་ཀྱི་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ནུས་རྒྱུ་གསར་སྤེལ་ཁེ་ལས་མི་ཉུང་བ་ཞིག་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་གྲོས་མཐུན་བཞག་སྟེ་ཐུན་མོང་ཐོག་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མ་ནུས་ཆེའི་ངང་གསར་སྤེལ་བྱ་རྒྱུར་གཞོལ་ཡོད། ཤར་ཕྱོགས་གློག་ཤུགས་རླུང་གློག་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཕན་ཆན་ཀང་གིས་ད་ཐེངས་ནི་ཆབ་མདོ་གྲོང་ཁྱེར་དང་རླུང་གློག་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་དོན་འཁྱོལ་གྱི་གྲོས་མཐུན་བཞག་ནས་ཤར་ཕྱོགས་གློག་ཤུགས(ཆབ་མདོ)ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སི་བཙུགས་ཏེ། བསྡོམས་མི་དམངས་ཤོག་སྒོར་དུང་ཕྱུར་3བཏང་ནས་རླུང་གློག་འཕྲུལ་འཁོར་ཨ་མའི་བཟོ་ཁང་དང་མཛོད་ཁང་སོགས་རྐྱང་གཟུགས་དང་དེ་བཞིན་ལེ་ལག་ཚང་བའི་རམ་འདེགས་སྒྲིག་ཆས་གསར་དུ་བསྐྲུན་རྒྱུ་ཡིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་སྨི་ངོས་གྲུ་12000ཡོད་ཅིང་། རྣམ་གྲངས་བསྐྲུན་རྗེས་ལོ་རེར་ཆན་ཝ་ཁྲི་50ནས་100བར་གྱི་སྐམ་ཐོག་གི་5.0MW-10.0MWཡི་རླུང་ཤུགས་གློག་གཏོང་འཕྲུལ་ཚན་གྱི་ནུས་པ་ཐོན་ནས། ཆབ་མདོའི་ཕུན་སུམ་ཚོགས་པའི་རླུང་ཤུགས་ཐོན་ཁུངས་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་གྱུར་ཏེ། ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།