དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-21

    ཟླ་8ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་སུའུ་ལིན་དང་ཁོང་གི་སྐུ་ཟླ་ཝུའུ་ཧྥང་ལི་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

    ཟླ་8ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་སུའུ་ལིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་སུའུ་ལིན་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སླར་ཡང་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཁྱེད་རང་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རྗེས་འཚམས་འདྲི་གནང་ཐེངས་དང་པོ་ཀྲུང་གོར་ཕེབས་པ་དེ་ཐོག་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད་ལ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་འཐབ་ཇུས་རང་བཞིན་ཡང་མཚོན་ཡོད། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ནི་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་གསར་བརྗེའི་སྙིང་སྟོབས་ཤིག་ཡིན་པས“ཝེ་ཐེ་ནམ་དང་ཀྲུང་གོ་བརྩེ་དུང་ཟབ། བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”སྲོལ་རྒྱུན་མཛའ་གྲོགས་སུ་གྱུར་ཡོད། དེང་སྐབས་འཛམ་གླིང་ཐོག་སྲིད་འཛིན་གུང་ཁྲན་ཏང་གཉིས་ཡིན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱིས་མཛའ་མཐུན་གྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་བྱེད་པ། ཐུན་མོང་གི་ལས་འགན་བློ་ལ་བརྟན་པོར་ངེས་པ། གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ངས་བློ་མཐུན་སུའུ་ལིན་དང་མཉམ་དུ་ལས་ཀའི་འབྲེལ་བ་བཟང་པོ་དང་མི་སྒེར་གྱི་མཛའ་མཐུན་ཟབ་མོ་བཙུགས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཐུན་མོང་ཐོག་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་མདུན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གསོན་ཤུགས་མངོན་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འཇོག་ཁ་ཕྱོགས་སུ་བརྩིས་ནས་ཝེ་ཐེ་ནམ་གྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་གསར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དར་རྒྱས་འགྲོ་བའི་འགག་རྩའི་དུས་སྐབས་སུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཁ་ཕྱོགས་ལ་བརྟན་པོར་དམིགས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དེ་བས་ཆེ་བ་དང་། བདེ་འཇགས་མཉམ་ལས་དེ་བས་ཏན་ཏིག དངོས་སྒྲུབ་མཉམ་ལས་དེ་བས་གཏིང་ཟབ། དམངས་འདོད་ཀྱི་རྨང་གཞི་དེ་བས་བརྟན་པ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་དེ་བས་དམ་པ། ཕྱོགས་འགལ་དོ་དམ་ཚོད་འཛིན་དང་ཐག་གཅོད་དེ་བས་ལེགས་པ་བཅས་ཀྱི“དེ་བས་དྲུག”གི་འཕེལ་རྒྱས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་གཏུག་དང་མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“བར་ཁྱམས་གཉིས་དང་འཁོར་རྒྱ་གཅིག”གི་སྒྲོམ་གཞིའི་འབྲེལ་མཐུད་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་གྲོས་བསྡུར་ཧུར་ཐག་བྱས་ཏེ་ལྕགས་ལམ་དང་། མྱུར་བགྲོད་གཞུང་ལམ། འགག་སྒོ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་ཆས་འབྲེལ་མཐུད”ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། རིག་ལྡན་འགག་སྒོའི“མཉེན་ཆས་འབྲེལ་མཐུད”ཆུ་ཚད་མཐོ་རུ་བཏང་ནས་བདེ་འཇགས་དང་བརྟན་པའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་དུ་གཏོད་དགོས། སང་ལོ་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ནས“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་སྤེལ་རེས་ལོ”སོགས་བྱེད་སྒོ་རབ་དང་རིམ་པ་ཐུན་མོང་ཐོག་ཡག་པོ་གཉེར་ནས་རྒྱལ་ཁབ་གཉིས་པོའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་བདེན་སྐྱོང་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས་ཝེ་ཐེ་ནམ་ཚུད་པའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་གཏོད་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་ཏང་སྐྱོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཐུན་མོང་ཐོག་མཐོ་རུ་བཏང་སྟེ་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་འདོད་ཡོད།

    སུའུ་ལིན་གྱིས་གསུངས་དོན། ངས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ངོས་ནས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱས་པ་དེ་ཐོག་ནས་ཝེ་ཐེ་ནམ་གྱི་ཏང་དང་སྲིད་གཞུང་གིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་པའི་ལངས་ཕྱོགས་གང་ལེགས་མཚོན་པ་དང་ཀྲུང་གོ་འདི་ཉིད་ཝེ་ཐེ་ནམ་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ག་དང་གནད་འགག་སྔོན་འཇོག་ལ་བརྩི་གི་ཡོད། ཝེ་ཐེ་ནམ་གྱི་ཏང་དང་སྲིད་གཞུང་གིས་བློ་མཐུན་རོན་ཕུའུ་ཀྲུང་འདས་པོའི་ཕུགས་རེ་རྒྱུན་འཛིན་བྱས་ཏེ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་བ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་ཐོག་གཏན་འཁེལ་གནང་བའི་ལམ་བུ་འདེད་ནས་མཐའ་གཅིག་ཏུ་མདུན་སྐྱོད་བྱེད་པ། “དེ་བས་དྲུག”གི་སྤྱིའི་དམིགས་ཚད་གཞིར་བཟུང་། ཝེ་ཐེ་ནམ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཐེ་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་གི་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ཚང་མ་བདེ་བླག་ངང་ལེགས་སྒྲུབ་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཐེབས་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་ཏེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་དང་དེ་བཞིན་མིའི་རིགས་ཡོངས་ཀྱི་ཡར་ཐོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་གསར་པ་བཏོད་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཐུབ་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་རང་བཙན་རང་བདག་མཐའ་འཁྱོངས་བྱེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད་ལ། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད་པས་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཤང་ཀང་དང་། ཤིན་ཅང་། བོད་ལྗོངས་བཅས་ཚང་མ་ཀྲུང་གོའི་ནང་ཁུལ་གྱི་ལས་དོན་ཡིན་པས། ཕྱོགས་གཏོགས་གང་རུང་ཞིག་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ཝེ་ཐེ་ནམ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཏང་སྐྱོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དེ་བཞིན་རྒྱལ་སྲུང་བདེ་འཇགས་དང་། དཔལ་འབྱོར་ཚོང་དོན་དང་མ་འཇོག རྒྱལ་སྒྲོལ་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་བཅས་བྱེད་འདོད་ཡོད། སང་ལོའི“ཝེ་ཐེ་ནམ་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་ལོ”མཉམ་དུ་ཡག་པོ་གཉེར་ནས་གཞོན་ནུ་དང་ས་གནས་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་གི་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཚོ་ཐོག་གི་ཕྱོགས་འགལ་ལ་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་གི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད།

    གྲོས་མོལ་གནང་རྗེས། ཕྱོགས་གཉིས་པོས་ཏང་གི་སློབ་གྲྭ་དང་། ཕན་ཚུན་སྦྲེལ་མཐུད། བཟོ་ལས། དངུལ་རྩ། འགག་སྒོའི་ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད། འཕྲོད་བསྟེན། གསར་འགྱུར་སྒྲིག་གཞི་དང་སྨྱན་སྦྱོར། ས་གནས། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་འགོད་པར་ལྷན་དུ་དཔང་པོ་གནང་བ་རེད།

    མིང་རྟགས་འགོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་སུའུ་ལིན་གྱིས་ཁྱབ་ཁོངས་ཆུང་གྲས་ཀྱི་ཇ་གསེང་གླེང་མོལ་གནང་ཞིང་། སྤྲོ་སྣང་མཛའ་མཐུན་གྱི་རྣམ་པའི་ཁྲོད་ཐུན་མོང་ཐོག་དོ་ཁུར་གནང་བའི་གནད་དོན་གལ་ཆེན་ལ་མུ་མཐུད་སྤེལ་རེས་གཏིང་ཟབ་གནང་བ་རེད།

    གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་སུའུ་ལིན་དང་སྐུ་ཟླ་ཝུའུ་ཧྥང་ལི་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ་རེད།

    སུའུ་ལིན་འབྱོར་སྐབས། གུས་དམག་གིས་གྲལ་འགྲིག་པོས་གུས་འདུད་ཞུས་ཤིང་། ཞི་ཅིན་ཕིང་གིས་སུའུ་ལིན་དང་ལྷན་དུ་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་སུའུ་ལིན་གྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ་རེད།

    ཉིན་དེའི་ཉིན་དགུང་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་སུའུ་ལིན་སྟངས་དཔྱལ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་བ་རེད།

    ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།

    སུའུ་ལིན་གྱིས་ཀྲུང་གོར་འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྔར་བས་ཤུགས་སྣོན་རྒྱག་པ་དང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།