དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྩྭ་ཐང་གི་སྟོན་མོ་གཟབ་རྒྱས། དབྱར་སྐྱིད་ཀྱི་སྤྲོ་སྣང་ཆེན་པོ།

    ——བོད་ལྗོངས་འདམ་གཞུང་རྫོང་གི་2024ལོའི“འདམ་སྤྱི་རིམ”རྟ་རྒྱུག་འགྲན་བསྡུར་གྱི་པར་རིས་བདམས་བཀོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-20

    འདི་ནི་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་ཐག་འཐེན་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་རྡོ་འགྱོགས་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།

    འདི་ནི་རྒྱུད་བཟང་ལུག་དཔྱད་འདེམས་བྱེད་བཞིན་པ།

    འདི་ནི་རྟ་རྒྱུག་ལ་ཞུགས་པའི་རྒྱུག་ཕྲུག་ཡིན་པ།

    འདི་ནི་རྟ་རྒྱུག་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོར་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ལོ་གཅིག་དུས་གཅིག་གི“འདམ་སྤྱི་རིམ”རྟ་རྒྱུག་འགྲན་བསྡུར་ཟླ་8ཚེས་8ཉིན་འགོ་ཚུགས།

    2008ལོར“འདམ་སྤྱི་རིམ”རྟ་རྒྱུག་འགྲན་བསྡུར་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་ཁག་གཉིས་པའི་ནང་བཅུག་པ་དང་། ལྷ་སའི་ཞོ་སྟོན་རིང་གི་བྱེད་སྒོ་གཟབ་རྒྱས་ཤིག་གི་ངོས་ནས། འདམ་གཞུང་རྫོང་དང་ཐ་ན་བོད་ཡོངས་སུ་མིང་གྲགས་ཀྱི་བ་དན་གང་སར་གཡོ་བའི་རིག་གནས་མིང་བྱང་ཞིག་ཏུ་གྱུར།

    འདམ་གཞུང་རྫོང་གི་2024ལོའི“འདམ་སྤྱི་རིམ”རྟ་རྒྱུག་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོའི་ཐོག ཤང(གྲོང་རྡལ)8དང་དེ་བཞིན་ལས་ཁུངས་དང་། ལྕགས་ལམ་ལམ་སྲུང་། ཤན་འབྱེད་པ། སྨན་བཅོས་ཁོངས་གཏོགས། ཡུལ་དམག སྒྱུ་རྩལ་ཚོགས་པ། གཞུང་ཁོངས་ཁེ་ལས་ཀྱི་འཐུས་མི་བཅས་ལས་གྲུབ་པའི་རུ་སྟར་གྲུ་བཞི་ཁག་གིས་གྲལ་སྟར་འགྲིག་པའི་གོམ་པའི་འགྲོས་དང་བསྟུན་ནས་སྡིངས་ཆའི་མདུན་དུ་སྐྱོད།

    རྒྱན་གོས་ངོམ་སྟོན་བྱེད་སྐབས། ཕོ་གཞོན་ཚོས་ལུས་ལ་ལྷོག་གཤོགས་ཆེ་བའི་བོད་ཆས་གྱོན་པ་དང་། རྐེད་གྲི་བཏགས་ཤིང་། ལྷམ་ཤུད་ཙེ་གྱོན། ཡང་འགའ་རེས་སྔ་མོའི་སྲོལ་ལྟར་ལྕང་ལོ་རྒྱབ་ཏུ་དཔྱངས་པའམ་སྐྲ་ཤུབས་དམར་པོས་པ་སྒོར་བརྒྱབ་པ་དང་ཡང་ན་ཚོན་མདོག་རྣམ་པར་བཀྲ་བའི་ཞྭ་མོ་གྱོན་པས་དེ་བས་ཉམས་དང་ལྡན་པར་གྱུར། རྫིག་ཉམས་དོད་པའི་སྟངས་སྟབས་དང་བསྟུན་ནས་མི་རྣམས་ལ་ཕོ་ཉམས་ཤིན་ཏུ་དོད་པའི་སྣང་བ་ཞིག་ངང་ཤུགས་སུ་སྦྱིན། མོ་གསར་ཚོས་ཚོན་མདོག་བཀྲ་བའི་གཟབ་མཆོར་ལེགས་པར་སྤྲས་ཏེ་གཡུ་བྱུར་མུ་ཏིག་གི་རྒྱན་ཆ་སྣ་ཚོགས་པས་བརྒྱན་ནས། ལྡེམ་ལྡེམ་གྱི་གོམ་སྟབས་དང་བསྟུན་ནས་སྒེག་མའི་ཉམས་བཟང་ཅི་དགར་མངོན།

    རྟ་རྒྱུག་འགྲན་བསྡུར་སྐབས་ལྟད་མོ་ཆེ་ཤོས་ནི་སྨི་ཁྲི་ཡི་རྒྱུག་ཆེན་ཡིན་ཞིང་། རྟ་པ་ཚོས་རྒྱུག་རའི་ཕྱི་ནས་རྟ་ཕོ་ལྕག་གིས་སྐུལ་ཏེ་གཤར་འོང་བའི་ཉམས་བཟང་དེ་ལ་བལྟས་ན་རྟ་པ་དེ་རྣམས་ལོ་བཅུ་ཡས་མས་ལས་མ་ཟིན་པའི་ལོ་ཆུང་ཤ་སྟག་ཡིན་པ་བསམ་ཚོད་ལས་འདས། དེ་ནི་སྙུགས་ཤེད་འགྲན་པ་ཞིག་ཡིན་པས་རྒྱུག་ཕྲུག་ཀྱང་རྟ་རྩལ་ལ་བྱང་པའི་ཕྲུ་གུ་ཤ་སྟག་རེད།

    རྟ་རྒྱུག་འགྲན་རའི་གཞོགས་གཞན་ཞིག་ཏུ། ཚ་ཚ་འུར་འུར་གྱི་རྡོ་འགྱོགས་འགྲན་བསྡུར་ལས་ཀྱང་མི་རྣམས་ཀྱི་མིག་གི་དབང་པོ་ཅིག་ཅར་དུ་འཕྲོག རྡོ་འགྱོགས་འགྲན་བསྡུར་ནི་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། འགྲན་ཞུགས་པ་ཚོས་རྡོ་རིལ་དལ་བུར་འགྱོགས་པ་དེ་ནི་ཤེད་ཤུགས་དང་བློ་རིག་གཉིས་ཀ་འགྲན་པ་ཞིག་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད།

    དུས་ཡུན་ཉིན་7གྱི“འདམ་སྤྱི་རིམ”རྟ་རྒྱུག་འགྲན་བསྡུར་ལ་རྒྱན་གོས་ངོམ་སྟོན་དང་། ཕོ་མོའི་རྡོ་འགྱོགས། “ནོར་གནག་དང་གཡང་དཀར”དཔྱད་འདེམས་འགྲན་བསྡུར། “གངས་ལྗོངས་ཀྱི་མེ་ཏོག འདམ་གཞུང་གི་པད་མ”དང“རྩྭ་ཐང་གི་ཐང་དཀར། འདམ་གཞུང་གི་རྒོད་པོ”ཞེས་པའི་དཔྱད་འདེམས་བྱེད་སྒོ འབྲོག་གླུ་འགྲན་བསྡུར། རྩྭ་ཐང་གི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྣ་ཚོགས་ཡོད་པ་དེ་དག་ལས་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དང་དུས་མཚུངས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་དེ་བས་ལེགས་པ་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།