དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ(གནད་བསྡུས)

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-20

    2024ལོའི་ཟླ་8ཚེས་16ཉིན། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་དགུ་པ་ཐེ་ལན་གྱི་ཆིང་མའེ་གྲོང་ཁྱེར་དུ་འཚོགས་ཤིང་། ང་ཚོ་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་དྲུག་གི་འཐུས་མི་ཚོགས་པའི་ཚོགས་གཙོས་ཆུའི་ཐོན་ཁུངས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི《རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་བཞི་པའི་ནེ་པི་ཏུའུ་ཡི་བསྒྲགས་གཏམ》དང《རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ལོ་ལྔའི་བྱ་སྤྱོད་འཆར་གཞི(2023ནས་2027ལོའི་བར)》ནང་གི་ཐུན་མོང་གི་ངོས་འཛིན་ལ་དྲན་གསོ་བྱས་ནས། རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པས། རྒྱལ་ཁབ་དྲུག་པོའི་ཆུའི་ཐོན་ཁུངས་སྡེ་ཚན་གྱིས་གཤམ་གསལ་གྲོས་འགོ་འདོན་པར་དགའ་བསུ་ཞུ།

    གཅིག རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་། སྲུང་སྐྱོང་ཡག་པོ། དོ་དམ་ཡག་པོ་བཅས་བྱ་རྒྱུ་ནི་ས་ཁོངས་ཀྱི་ཆུ་འདོན་བདེ་འཇགས་དང་འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་ལ་འགན་ལེན་བྱས་ནས་ས་ཁོངས་འདིའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཚོན་ན་ཧ་ཅང་གལ་འགངས་ཆེན་པོ་ཡིན་པར་ང་ཚོས་ནན་བཤད་བྱ་རྒྱུ།

    གཉིས། རྒྱལ་ཁབ་ཁག་གི་རྒྱལ་བབ་དང་ཆུའི་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱས་ཐོག་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་འོས་འཚམ་དང་སྲུང་སྐྱོང་དོ་དམ་བྱེད་པའི་རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་དབང་ལ་བརྩི་འཇོག་གང་ལེགས་བྱས་ཏེ། རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་ཀྱི་མཉམ་ལས་དེ་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི“མདུན་བདར་སྤུས་རྟགས”སུ་འགྱུར་བ་བྱ་རྒྱུར་ང་ཚོ་མོས་མཐུན་ཡོད།

    གསུམ། རྒྱལ་ཁབ་དྲུག་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི《2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ》ནང་གི་ཆུ་འབྲེལ་དམིགས་ཚད་དང་སྦྲེལ་མཐུད་དམ་ཟབ་བྱས་ཐོག་རྫ་ཆུ་དང་མེ་ཀུང་གཙང་པོའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་རྒྱུན་མཐུད་ཆོག་པའི་བེད་སྤྱོད་དང་། དོ་དམ། སྲུང་སྐྱོང་བཅས་བྱས་པ་བརྒྱུད་ཁོངས་མིའི་རྒྱལ་ཁབ་ཁག་གི་སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ང་ཚོས་བསྔགས་བརྗོད་ཞུ་རྒྱུ་ཡིན།

    བཞི། རྒྱལ་ཁབ་དྲུག་པོས་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཐོག་ཆུའི་ཐོན་ཁུངས་རྒྱུན་མཐུད་ཆོག་པའི་གསར་སྤེལ་དང་དོ་དམ་བེད་སྤྱོད་བྱེད་པ་དང་། ཆུ་དཔྱད་ཆ་འཕྲིན་དང་ཆུ་འབྲེལ་གྲངས་གཞི་དང་ཆ་འཕྲིན་མཉམ་སྤྱོད་དང་ལྟ་ཞིབ་ཚད་ལེན་བྱེད་པ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། འཐུང་ཆུའི་བདེ་འཇགས། ཆུ་རགས་ཀྱི་བདེ་འཇགས། ནུས་པ་འཛུགས་སྐྱོང་། མི་སྣ་གསོ་སྦྱོང་། འབབ་རྒྱུད་ཧྲིལ་པོའི་ཆུ་བཅོས་སྐྱོང་སོགས་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན།

    ལྔ། ང་ཚོས་རྒྱལ་ཁབ་དྲུག་པོས་ཐུན་མོང་ཐོག“རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུ་དར་དམངས་ཕན་འཆར་གཞིའི”རྣམ་གྲངས་མཛོད་འཛུགས་པ་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག་མ་དངུལ་གྱི་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཏང་ནས་དངོས་སྒྲུབ་མཉམ་ལས་རྣམ་གྲངས་དང་མཉམ་ལས་བྱེད་སྒོ་གཞན་དག་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

    དྲུག རྒྱལ་ཁབ་དྲུག་པོས་དུས་བཀག་ལྟར་རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་མཉམ་ལས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་དང་གླེང་སྟེགས་གཉེར་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་མཉམ་ལས་ལྟེ་གནས་འཛུགས་རྒྱུར་སྐུལ་ལྕག་དང་རྫ་ཆུ་དང་མེ་ཀུང་གཙང་པོའི་འབབ་རྒྱུད་ཧྲིལ་པོའི་ཆུ་བཅོས་སྐྱོང་ཐད་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ང་ཚོས་བསྔགས་བརྗོད་ཞུ་རྒྱུ་ཡིན།

    བདུན། རྒྱལ་ཁབ་དྲུག་པོའི་འབྲེལ་ཡོད་སྡེ་ཚན་དང་སྒྲིག་གཞི་ཁག་གི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་བཏང་ནས་མི་སྣ་གསོ་སྦྱོང་དང་ལས་རིགས་སློབ་གསོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཆུའི་ཐོན་ཁུངས་ལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་རྒྱུར་ང་ཚོས་རྒྱབ་སྐྱོར་བྱ་རྒྱུ་ཡིན།

    བརྒྱད། རྒྱལ་ཁབ་ཁག་གིས་ཆུའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཆུའི་ཐོན་ཁུངས་ཁྱབ་ཁོངས་སུ་འཕྲད་པའི་འགྲན་སློང་ཐད་ཀྱི་དམངས་ཚོགས་ཀྱི་ཚན་རིག་དང་མཐུན་པའི་ངོས་འཛིན་མཉམ་དུ་མཐོ་རུ་གཏོང་རྒྱུར་ང་ཚོས་ལྕག་སྐུལ་བྱ་རྒྱུ་ཡིན།

    དགུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་སོགས་ད་ཡོད་མཉམ་ལས་ལམ་སྲོལ་དང་ཕན་ཚུན་སྤེལ་རེས་སྐུལ་འདེད་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཞི་བདེ་དང་དར་རྒྱས་ལ་ཁ་ཕྱོགས་པའི་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་རྒྱུ་ཡིན་ཞེས་ང་ཚོས་བསྐྱར་བསྒྲགས་བྱ་རྒྱུ་ཡིན།

    བཅུ། རྒྱལ་ཁབ་དྲུག་པོས་མཉམ་ལས་བྱས་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་མཉམ་ལས་རོགས་ཟླའི་དྲ་བ་རྒྱ་སྐྱེད་བཏང་སྟེ་རྫ་ཆུ་དང་མེ་ཀུང་གཙང་པོ་ས་ཁུལ་གྱི་ལྗང་མདོག་དང་། ཞི་བདེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུར་ང་ཚོས་སྐུལ་ལྕག་བྱ་རྒྱུ་ཡིན།

    (ཤིན་ཧྭ་གསར་འགྱུར་ཁང་ཐེ་ལན་གྱི་ཆིང་མའེ་གྲོང་ཁྱེར་ནས་ཟླ་8ཚེས་16ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།