དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྥུའུ་ཅན་གྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ།

    རྒྱ་མཚོའི་ལེགས་ཆར་གཞི་ཚུགས་ནས་རྒྱ་མཚོར་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-20

    ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་གྱི་ཤར་སྐོར་མཚོ་ཁོངས་སུ་འཆམ་འཆམ་བྱེད་སྐབས། རྒྱ་མཚོའི་འགྲམ་རྒྱུད་དུ་སྡོང་དམར་ཤིང་ནགས་སྟུག་པ་དང་སྐྱེ་ཁམས་སྤྱི་གླིང་མང་པོ་ཞིག་མུ་ཏིག་སྟར་ལ་བརྒྱུས་ནས་མཚོ་འགྲམ་ཡུལ་སྐོར་གྱི་རྣམ་པ་དེ་བས་མཛེས་སྡུག་ལྡན།

    ཡུལ་དེའི་གྲོང་མི་ཁྲེན་པོའོ་ཡིས་བཤད་པ་ལྟར་ན། སྔོན་མ་ཤར་སྐོར་མཚོ་ཁོངས་སུ་ཆུ་ཐོན་གསོ་སྤེལ་གང་བྱུང་བྱེད་པ་དང་། མཚོ་ཁོངས་སུ་བྱེ་འདམ་ཕུང་གསོག་ཚབས་ཆེན་ཐེབས་པའི་དབང་གིས་ཤར་སྐོར་མཚོ་ཁོངས་ཀྱི་སྐྱེ་ཁམས་སླར་གསོ་བྱེད་པར་དཀའ་ངལ་མང་པོ་འཕྲད་ཡོད། 2006ལོར་ཞ་མོན་གྱིས་ཤར་སྐོར་མཚོ་ཁོངས་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་སྤེལ་འགོ་ཚུགས་པ་དང་ཡུན་རིང་འབད་བརྩོན་བྱས་པ་བརྒྱུད། མཚོ་ཆུ་གཙང་མར་གྱུར་ནས་ཀྲུང་ཧྭའི་མཚོ་ཕག་དཀར་པོ་དང་ཉ་སེར་སོགས་རྒྱ་མཚོའི་སྐྱེ་དངོས་སྲོག་ཆགས་ཀྱང་སླར་ཡང་མི་རྣམས་ཀྱི་མཐོང་ཆོས་སུ་གྱུར་ཡོད།

    རྒྱ་མཚོའི་འགྲམ་ངོགས་རྒྱུད་ནས་ལྷོ་ཕྱོགས་སུ་སྐྱོད་ཚེ། ཀྲང་ཀྲོའུ་གྲོང་ཁྱེར་ཡུན་ཤའོ་རྫོང་གི་ཀྲང་ཅང་གཙང་པོའི་མཚོ་ཁའི་འཛུལ་སྒོ་མིག་ལམ་དུ་གསལ་ལེར་འཆར་ཞིང་། སྐམ་ས་དང་རྒྱ་མཚོའི་འབྲེལ་མཚམས་སུ་སྡོང་དམར་ཤིང་ནགས་སྔོ་ཐིང་ངེར་སྐྱེས་ནས་ཡོད། དེ་སྔ་སྐྱེ་དངོས་ཧུའུ་ཧྭ་སྨི་ཚའོ་སོགས་ཕྱི་ནས་གྱར་བའི་སྐྱེ་དངོས་རིགས་ཀྱིས་བཟུང་བའི་མཚོ་གྲམ་དེ་ད་ཆ་སླར་ཡང་སྔོ་ཁེབས་ཀྱིས་བརྒྱན་ཡོད།

    2016ལོ་ནས་བཟུང་། ཀྲང་ཅང་ཁོའུ་སྡོང་དམར་ཤིང་ནགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་མཚོ་འགྲམ་གྱི་བྲུབས་ལུང་སྔོག་པ་དང་བྱེ་འདམ་བཤངས་པ་སོགས་བྱས་པར་བརྟེན། ཉམས་ཞན་དུ་སོང་བའི་སྡོང་དམར་ཤིང་ནགས་མུའུ་500སླར་གསོ་བྱུང་བ་དང་འབྲེལ། གསོ་ཚགས་ཐད་སྤྱོད་པའི་ས་ཆར་འདམ་ར་སླར་གསོ་དང་སྐྱེ་དངོས་ཧུའུ་ཧྭ་སྨི་ཚའོ་དང་སྦ་ཤིང་སོགས་གནོད་ལྡན་སྐྱེ་དངོས་མེད་པར་བཟོ་བའི་ལས་དོན་མུ་མཐུད་སྤེལ་བ་རེད།

    “མཚོ་གྲམ་བཙོག་པ”རིམ་བཞིན“སྤྲོ་འཆམ་ལམ་ཐིག”ཏུ་གྱུར་བ་དང་། ཞ་མོན་ཤར་སྐོར་མཚོ་ཁོངས་དང་ཀྲང་ཀྲོའུ་ཀྲང་ཅང་ཁོའུ་ཡི་རྣམ་པ་མཛེས་སུ་སོང་བ་ལས། ཉེ་བའི་ལོ་ཤས་རིང་ཧྥུའུ་ཅན་ཞིང་ཆེན་གྱིས་རྒྱ་མཚོའི་སྐྱེ་ཁམས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བའི་ཕན་འབྲས་མངོན་པ་སྟེ། ཆུ་མགོ་ནས་མཐའ་སྣེ་བར་གྱི་འཁོར་འབྲེལ་ཧྲིལ་པོའི་རྒྱ་མཚོའི་བཅོས་སྐྱོང་མ་ལག་བཙུགས་པ་དང་སྐྱེ་ཁམས་གསར་སྤེལ་དང་སྲུང་སྐྱོང་གལ་ཆེ་མཉམ་འཛིན་བྱས་པར་བརྟེན། རྒྱ་མཚོའི་སྐྱེ་ཁམས་མུ་མཐུད་ལེགས་སུ་ཕྱིན་ནས། 2021ལོ་ནས་2023ལོ་བར། ཧྥུའུ་ཅན་ཞིང་ཆེན་གྱི་མཚོ་ཁོངས་ཀྱི་ཆུ་སྤུས་ལེགས་པའི་བསྡུར་ཚད་དེ་85%ལས་མཐོ་བ་རྒྱུན་མཐུད་བྱུང་སྟེ། མཚོ་ཆུའི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་པ་མ་ཟད། མཚོ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་ཐོག་ཡར་འཕེལ་བྱུང་ཡོད།

    རྒྱ་མཚོའི་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ཧྥུའུ་ཅན་དུ་མཚོ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་13.6ཟིན་པ་དེ་སྐམ་སའི་རྒྱ་ཁྱོན་གྱི་ལྡབ་1.1ཡིན་པ་དང་། སྐམ་སའི་རྒྱ་མཚོའི་འགྲམ་ངོགས་ཀྱི་རིང་ཚད་སྤྱི་ལེ་3752ཟིན་ཏེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    ལོ་མང་རིང་ཧྥུའུ་ཅན་ཞིང་ཆེན་གྱིས་རྒྱ་མཚོའི་སྐྱེ་ཁམས་ལ་སྤུས་ཚད་མཐོ་བའི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། 《ཧྥུའུ་ཅན་ཞིང་ཆེན་གྱི་རྒྱ་མཚོའི་འགྲམ་ངོགས་སྲུང་སྐྱོང་དང་བེད་སྤྱོད་དོ་དམ་སྲོལ་ཡིག》དང་། 《ཧྥུའུ་ཅན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད》 《“མཚོ་ཐོག་གི་ཧྥུའུ་ཅན”སྐྲུན་མགྱོགས་སུ་བཏང་ནས་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2021ལོ་ནས་2023ལོ་བར)》སོགས་ཀྱི་སྲིད་ཇུས་བྱེད་ཐབས་བཏོན་ནས། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་དང་། གཙོ་གནད་ལས་འགན། ལས་གྲྭ་གལ་ཆེན། སྲིད་ཇུས་བྱེད་ཐབས་སོགས་གོ་རིམ་ལྡན་པའི་ངང་ཇུས་འགོད་བྱས་ཏེ། སྐྱེ་ཁམས་འཛུགས་སྐྱོང་དང་འབབ་འཕར་ཕྱུག་འགྱུར་ཟུང་འབྲེལ་དམ་ཟབ་བྱེད་པའི་ལྗང་མདོག་འཕེལ་རྒྱས་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ཡོད།

    2018ལོ་ནས་བཟུང་། ཉིང་ཏེ་རུ་མཚོ་ཐོག་གསོ་སྤེལ་ཕྱོགས་བསྡུས་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ། མཚོ་ཁོངས་ཀྱི་དབང་ཁོངས་བགོ་བཤའི“དབང་ཆ་བཞི”དང“ལག་ཁྱེར་གཉིས”ཀྱི་སྒྱུར་བཅོས་ཁྱབ་གདལ་བཏང་ནས། ཁྲིམས་ལྟར་རྒྱ་མཚོ་སྤྱོད་པ་དང་། གསོ་སྤེལ་ཚད་ལྡན། ཕྱོགས་མང་གཉིས་ཕན་བཅས་ཀྱི་སྒྱུར་བཅོས་ལམ་བུར་བསྐྱོད་པ་དང་། ཉ་སེར་ཆེན་དང་། ཧའེ་ཧྲེན། སྨུག་ཚལ་སོགས་རྒྱ་མཚོའི་ཐོན་རྫས་མང་པོའི་ཐོན་འབབ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2023ལོར་ཧྥུའུ་ཅན་ཞིང་ཆེན་གྱི་རྒྱ་མཚོའི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་1.2ཙམ་ཟིན་པ་དང་། ཆུའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དང་མི་རེ་རེས་བཟུང་བའི་ཆུའི་ཐོན་རྫས་སོགས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    ཧྥུའུ་ཆིང་གྲོང་ཁྱེར་ཤིང་ཧྭ་མཚོ་ཁུག་ནི་རང་རྒྱལ་གྱི་མཚོ་ཐོག་རླུང་གློག་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། དེ་གར་མཚོ་ཐོག་རླུང་གློག་འཕྲུལ་འཁོར་59འགྱིང་ངེར་གནས་པ་དང་། གློག་གཏོང་འཕྲུལ་འཁོར་གྱི་གློག་འདོན་བསྡོམས་འབོར་ཀྲའོ་ཝ་357.4ཟིན་པའི་འབྲི་ཆུའི་འགག་གསུམ་ཧྥུའུ་ཆིང་ཤིང་ཧྭ་མཚོ་ཁུག་གི་མཚོ་ཐོག་རླུང་གློག་ར་བས་རྒྱུན་ཆད་མེད་པར་མཚོ་རླུང་དེ་གློག་ནུས་སུ་བསྒྱུར་ནས་དུད་ཚང་ཁྲི་སྟོང་མང་པོར་གློག་མཁོ་འདོན་བྱས་ཡོད། 2024ལོའི་ཟླ་6པའི་ཟླ་མཇུག་བར། ཧྥུའུ་ཅན་ཞིང་ཆེན་གྱི་མཚོ་ཐོག་རླུང་གློག་གློག་ལམ་མཉམ་སྦྲེལ་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་372ཟིན་པ་དང་། སྔོན་དཔག་བྱས་ན། ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་1100ལྷག་ཙམ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

    ཧྥུའུ་ཅན་ཞིང་ཆེན་རྒྱ་མཚོ་དང་ཉ་ལས་ཅུས་ཀྱི་ཅུས་ཀྲང་ལིན་ཤིས་ནེང་གིས། “ཧྥུའུ་ཅན་གྱིས་ལོ་མང་རིང་རྒྱ་མཚོའི་ལེགས་ཆར་གཞི་ཚུགས་ནས་རྒྱ་མཚོར་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། རྒྱ་མཚོའི་དཔལ་འབྱོར་དང་དེང་རབས་ཉ་ལས་འཛུགས་སྐྲུན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད”ཅེས་བརྗོད།

    ད་ལོའི་ཟླ་7པར། ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས《འགོ་འཛུགས་ས་དེ་བས་མཐོ་བའི་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ཆེན་བསྐྲུན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཧྥུའུ་ཅན་འཛུགས་སྐྲུན་གྱི་ལེའུ་རྩོམ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས། ཤར་རྒྱ་མཚོའི་མཚོ་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་པོ་སྐྲུན་པ་དང་། རི་མཚོའི་ས་ཁོངས་ཧྲིལ་པོའི་སྦགས་བཙོག་འགོག་བཅོས་གཏིང་ཟབ་ཏུ་གཏོང་བ། མཛེས་སྡུག་ལྡན་པའི་ཧྥུའུ་ཅན་གྱི་བདེ་འཇགས་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ནས། 2027ལོར་སླེབས་སྐབས་མཚོ་ངོགས་དང་མཚོ་ཁོངས་ཀྱི་ཆུ་སྤུས་ལེགས་ཚད་90%ཙམ་ཟིན་དགོས་པ་ཁ་གསལ་བཏོན་ཡོད།

    ཧྥུའུ་ཅན་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས“ང་ཚོས་སྐྱེ་ཁམས་ལ་བརྟེན་ནས་རྒྱ་མཚོ་སྲུང་སྐྱོང་མཐའ་འཁྱོངས་དང་རྒྱ་མཚོའི་སྐྱེ་ཁམས་བཟང་པོར་སྔར་བས་སྲུང་སྐྱོང་བྱས་ཏེ་རྒྱང་ལམ་གསར་པར‘མཚོ་ཐོག་གི་ཧྥུའུ་ཅན’སྐྲུན་མགྱོགས་སུ་བཏང་ནས། ཧྥུའུ་ཅན་གསར་པ་འཛུགས་སྐྲུན་བྱ་ཆེད་རྒྱ་མཚོའི་སྒུལ་ནུས་སྣོན་གྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།