དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཤར་གཏོང་བགྲང་བྱ་བཅུ་ཡི་རིང་། གཏམ་བཟང་སྙན་མོ་ཡང་ཡང་གྲགས།

    —— ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བའི་མཚམས་སུ་བྲིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-20

    ལོ་ངོ་བཅུ་ཡི་གོང་དུ། མེ་འཁོར་གྱི་དུང་བརྡའི་སྒྲ་དང་བསྟུན་ནས་ལྕགས་ལམ་གསར་རྐྱང་ཞིག་སྟེ། མཚོ་བོད་ལྕགས་ལམ་བསྣུར་བསྲིང་བྱས་པའི་ལྷ་གཞིས་ལྕགས་ལམ་དངོས་སུ་ཤར་གཏོང་བྱས། དེ་ནས་བཟུང་བོད་ཀྱི་ལྷོ་ནུབ་ས་ཆར་གཞུང་ལམ་གྱི་སྐྱེལ་འདྲེན་ཁོ་ནར་བརྟེན་པའི་ལོ་རྒྱུས་མཇུག་འགྲིལ་ནས“ལྕགས་ལམ་དཔལ་འབྱོར”གྱི་དུས་རབས་ཕྱོགས་ལ་དངོས་སུ་སྐྱོད་འགོ་ཚུགས།

    ས་མཐོའི་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཡིན་པའི་ལྷ་གཞིས་ལྕགས་ལམ་བསྐྲུན་ནས་ཤར་གཏོང་ཐུབ་པ་དེས་ལྷ་ས་དང་གཞིས་རྩེའི་བར་ཐག་ཇེ་ཉེར་བཏང་བ་དང་། རང་རྒྱལ་གྱི་ནུབ་རྒྱུད་ས་ཆའི་ལམ་དྲའི་བཀོད་སྒྲིག་སྔར་བས་འཐུས་ཚང་དུ་ཕྱིན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཆེན་པོ་ཐུབ་ཡོད།

    མེ་འཁོར་ཤར་གཏོང་ཐུབ་པས་འགྲོ་སྐྱོད་སྔར་བས་སྟབས་བདེར་སོང་བ།

    2014ལོར་ལྷ་གཞིས་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་ལས་ལྷ་ས་ནས་གཞིས་རྩེའི་བར་རླངས་འཁོར་ལ་བསྡད་ན་ཆུ་ཚོད་6དགོས་པ་ནས་མེ་འཁོར་གྱི་ལམ་ཐག་དུས་ཡུན་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ཐུང་དུ་ཕྱིན་ཡོད། ལྷ་སའི་མེ་འཁོར་བབས་ཚུགས་འགྲུལ་སྐྱེལ་འཁོར་ཁང་གི་ཀྲུའུ་རེན་གཞོན་པ་དབྱངས་ཅན་ལྷ་མོས། ངའི་ཁྱོ་ག་ནི་གཞིས་རྩེ་ནས་ཡིན། དེ་ཕྱིར་ང་ནི་གཞིས་རྩེའི་མནའ་མ་ཡིན་པས་དེ་སྔོན་རྟག་ཏུ་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ནས་ལྷ་ས་དང་གཞིས་རྩེ་བར་འགྲོ་འོང་བྱེད་ཀྱི་ཡོད། ལམ་རྒྱུད་ཡག་པོ་མེད་པས་གཞིས་རྩེར་སླེབས་དུས་ཧ་ལམ་ས་རུབ་ཀྱི་ཡོད་ཅེས་གསར་འགོད་པར་བརྗོད།

    འགྲོ་སོང་ཉུང་། དུས་ཚོད་ཐུང་། འགྲོ་སྐྱོད་བདེ། ལོ་ངོ་བཅུའི་རིང་གི་འགྱུར་ལྡོག་ནི་རིག་ནུས་ཅན་ཕྱོགས་ཡོངས་ནས་བེད་སྤྱོད་བཏང་བ་ཙམ་མིན་པར་བདེ་འཇགས་ཀྱི་འགན་ལེན་ཡང་བྱུང་ཡོད།

    ལྷ་ས་བབས་ཚུགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཉི་མ་བཀྲ་ཤིས་ལྷ་གཞིས་ལྕགས་ལམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་དཔང་པོར་གྱུར། ཁོང་གིས“མེ་འཁོར་བདེ་འཇགས་ངང་སྐྱོད་ཐེངས་རེར་ང་ལ་སྤོབས་པ་ཚད་མེད་སྐྱེ་གི་འདུག ལོ་ངོ་བཅུའི་རིང་ངའི་ལས་ཀར་ཡང་འགྱུར་ལྡོག་མང་པོ་བྱུང་སོང་། དང་ཐོག་བབས་ཚུགས་སུ་སྐོར་གཡེང་དང་བདེ་འཇགས་ཞིབ་བཤེར་བྱེད་པ་ནས་ཕྱིས་སུ་འགྲུལ་པ་མང་དུ་ཕྱིན་པར་བསྟུན་ནས་འགྲུལ་པའི་བདེ་འཇགས་སློབ་གསོ་དང་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་པ་དེ་གལ་ཆེར་འཛིན་གྱི་ཡོད”ཅེས་གསར་འགོད་པར་བཤད།

    མེ་འཁོར་ཤར་གཏོང་ཐུབ་པས་འཚོ་བ་སྔར་བས་ཕུན་སུམ་ཚོགས་པོར་གྱུར་པ།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སེར་མ་གྲོང་ཚོར་བསྐྱོད་པ་ན། ཨ་སྔོན་སྤྲིན་དཀར་གྱི་འོག་ཏུ་ཐོག་སོ་གཉིས་ལྡན་གྱི་སྒོ་ར་ཆུང་ཆུང་རེ་རེ་བཞིན་ཡོད་པ་དེ་དག་གི་མདུན་དུ་མེ་ཏོག་རབ་ཏུ་བཞད་པ་དང་། གཙང་ཞིང་ཁོད་སྙོམས་པའི་འགྲོ་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་བཟོས་པ། ལུས་སྦྱོང་ཡོ་བྱད་དང་། འཕྲོད་བསྟེན་ཁང་། བུ་བཅོལ་ཁང་། རྒན་རྒོན་ཟ་ཁང་སོགས་ཀྱི་སྒྲིག་བཀོད་ཆ་ཚང་ལ་ཉམས་དགའ་བ་ཞིག་ཡོད།

    ལྕགས་ལམ་ཤར་གཏོང་མ་ཐུབ་པའི་གོང་། དེ་ནི་ལྟ་རིན་མེད་པའི་གྲོང་ཚོ་ཆུང་ཆུང་ཞིག་རེད། ལོ་30ལ་སླེབས་པའི་ལྕགས་ལམ་ལས་བཟོ་བསྟན་འཛིན་བྱང་ཆུབ་ཡུལ་དེ་གར་འཚར་ལོངས་བྱུང་ནས་གྲོང་ཚོའི་འགྱུར་ལྡོག་དངོས་སུ་མཐོང་ཡོད།

    2006ལོའི་ཟླ་3ཚེས་1ཉིན། ལྷ་སའི་བབས་ཚུགས་ནུབ་མའི་ཟོག་འདྲེན་ར་བ་གཉེར་སྐྱོང་བྱས་ཤིང་། བསྟན་འཛིན་བྱང་ཆུབ་ཀྱི་ཨ་ཕས་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་ཟོག་འདྲེན་རླངས་འཁོར་ཉོས་པ་དང་། དུས་དེ་ནས་བཟུང་ཁོང་ཨ་ཕའི་ལས་རོགས་སུ་གྱུར་ནས་མཉམ་དུ་ལྷ་སའི་བབས་ཚུགས་ནུབ་མའི་ཟོག་འདྲེན་ར་བར་ལས་ཀ་བྱས། དེ་ནས་བཟུང་བསྟན་འཛིན་བྱང་ཆུབ་ཀྱི་སེམས་སུ་ལྕགས་ལམ་ལས་བཟོ་བ་ཞིག་ཆགས་པར་རྨང་གཞི་བཏིང་ཡོད།

    2018ལོར་བསྟན་འཛིན་བྱང་ཆུབ་མཚོ་བོད་ཚོགས་པ་ཀུང་སིས་བསྡུས་ནས་ལྕགས་ལམ་ལས་བཟོ་བར་གྱུར། “ད་ལྟའི་ཟོག་འདྲེན་པའི་ངལ་གསོ་ཁང་ནི་སྔོན་ཆད་ནང་མིས་གྲོ་བརྔ་བསྡུ་དང་གཡུལ་ཁ་གཅོག་ས་ཡིན”དངོས་ཟོག་བྱུར་བུར་ཁེངས་པའི་མེ་འཁོར་ལྷ་ས་བབས་ཚུགས་ནུབ་མ་ནས་ཐོན་ཏེ་རྒྱལ་ཡོངས་ཀྱི་ས་ཆ་གང་སར་བསྐྱོད་པ་མཐོང་སྐབས། རང་ཉིད་ཀྱི་ལས་ཀར་དོན་སྙིང་ཆེན་པོ་འདུག་སྙམ་བྱུང་ཞེས་བསྟན་འཛིན་བྱང་ཆུབ་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད།

    “ལྕགས་ལམ་དང་ལྕགས་ལམ་འཛུགས་སྐྲུན་མེད་ན། ང་ཚོའི་དེང་སང་གི་འཚོ་བ་ཡག་པོ་འདི་འདྲ་ཡོང་མི་སྲིད”ཅེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སེར་མ་གྲོང་ཚོའི་ཡུལ་མི་ངག་དབང་གིས་དགའ་སྤྲོའི་ངང་བཤད།

    འཚོ་བ་སྐྱིད་པོ་སྐྱེལ་མཁན་གྲས་སུ་ད་དུང་གཞིས་རྩེའི་ལོ་31ལ་སླེབས་པའི་འཇམ་དབྱངས་ཡོད། སློབ་ཆུང་གི་ཡོན་ཚད་ལས་མེད་པའི་ཁོང་ལྷ་ས་བབས་ཚུགས་ནུབ་མའི་ཟོག་འདྲེན་ར་བའི་འདོན་འཇུག་བཟོ་པ་ཡིན། སློབ་སྦྱོང་ཧུར་ཐག་བྱས་པ་བརྒྱུད། འཇམ་དབྱངས་ལ་དབྲག་འཁོར་གཏོང་བའི་ཐོབ་ཐང་ལག་ཁྱེར་རག་པ་རེད། ད་ཆ་ཁོང་ལ་ཟླ་རེར་སྒོར་ཁྲི་གཅིག་ལྷག་ཙམ་གྱི་ཡོང་འབབ་བརྟན་པོ་ཡོད། འཇམ་དབྱངས་ཀྱི་ཤུགས་རྐྱེན་དང་སྐུལ་ཁྲིད་འོག་ཁོང་གི་ཨ་ཞང་དང་གཅུང་པོ་ད་ཆ་གཞིས་རྩེ་ཟོག་འདྲེན་ར་བར་དངོས་ཟོག་འདོན་འཇུག་གི་ལས་ཀ་བྱེད་ཀྱི་ཡོད།

    “དེ་སྔོན་འགྲིམ་འགྲུལ་སྟབས་བདེ་མེད་པས་ནང་མིས་དུས་ཡུན་རིང་པོའི་ནང་གཞི་ནས་ངར་ཐེངས་གཅིག་ལྟ་བར་ཡོང་གི་ཡོད། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་ནང་མིས་མེ་འཁོར་ལ་བསྡད་ནས་ཡང་ཡང་ངར་ཡང་སེ་ལྟ་བར་ཡོང་གི་ཡོད་པ་དེ་དུས་ལྷ་ས་སྐོར་ཙམ་བྱས་ཏེ་གཞི་ནས་ལོག་འགྲོ་ཡི་ཡོད”ལྷ་གཞིས་ལྕགས་ལམ་བསྐྲུན་པ་ནས་བཟུང་འཇམ་དབྱངས་ལྟར་ལྷ་སར་གླ་པ་རྒྱུག་མཁན་ཚོ་བོད་ཀྱི་ལོ་གསར་དང་སྟོན་བསྡུའི་རིང་ཁྱིམ་དུ་ལོག་གི་ཡོད་པས་ཞིང་བྲེལ་དང་གླ་པ་རྒྱུག་པ་གཉིས་ཀར་འཐུས་ཤོར་འགྲོ་གི་མེད། ད་ཆ་འཇམ་དབྱངས་ལྟར་ལྷ་ས་བབས་ཚུགས་ནུབ་མའི་ཟོག་འདྲེན་ར་བར་དངོས་ཟོག་འདོན་འཇུག་གི་ལས་ཀ་བྱེད་མཁན་གཞིས་རྩེའི་མང་ཚོགས་བརྒྱ་ལྷག་ཙམ་ཡོད་པ་རེད།

    ཚན་རྩལ་ལ་བརྟེན་ནས་ལྕགས་ལམ་སྔར་བས་རིག་ནུས་ཅན་དུ་གྱུར་པ།

    “2021ལོའི་ཟླ་6པར། ས་མཐོའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ལྷ་གཞིས་ལྕགས་ལམ་ཐོག་གཏོང་འགོ་ཚུགས་ཤིང་། མཚོ་བོད་ཚོགས་པ་ཀུང་སིས་ཤུགས་འགྲེམས་མེ་འཁོར་རིག་ནུས་བརྟག་ཞིབ་འཕྲུལ་མི་སོགས་ཀྱི་སྔོན་ཐོན་སྒྲིག་ཆས་ནང་འདྲེན་བྱས་པས། མེ་འཁོར་གྱི་ལེགས་སྒྲུབ་སྤུས་ཚད་དང་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་པ་མ་ཟད། ཤུགས་འགྲེམས་མེ་འཁོར་གྱི་འཁོར་སྐྱོད་བདེ་འཇགས་འགན་ལེན་ནུས་ལྡན་ཡང་བྱུང་ཡོད”རྒྱུས་མངའ་ཆེ་བའི་ཁོར་ཡུག་དེར་ལྟ་བཞིན་དུ་ལོ་ངོ་བཅུའི་རིང་ལས་གནས་བརྟན་སྲུང་བྱེད་མཁན་མཚོ་བོད་ཚོགས་པ་ཀུང་སིའི་གོར་མོ་འཕྲུལ་གཉེར་དུམ་བུའི་ལྷ་ས་མེ་འཁོར་ལེགས་སྒྲིག་ལྟེ་གནས་འཁོར་ཁང་གི་ཀྲུའུ་རེན་དགྲ་འདུལ་གྱིས་མྱོང་ཚོར་ཟབ་མོས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྲོལ་རྒྱུན་གྱི་ཞིབ་བཤེར་བཟོ་བཅོས་ལས་ཀ་གཙོ་བོ་མི་ལ་བརྟེན་དགོས་ཀྱི་ཡོད་པས་ཕན་ནུས་དེ་ཙམ་ཆེན་པོ་མི་ཐོན་པ་མ་ཟད། ད་དུང་ཞིབ་བཤེར་ལུས་པ་དང་ཉམས་བཟོ་ལུས་པའི་ཉེན་ཁ་ངེས་ཅན་ཞིག་ཀྱང་གནས་ཡོད། ཆེས་གསར་ཤོས་ཀྱི་མྱུར་ཚད་མགྱོགས་པ་དང་དབྱེ་འབྱེད་བྱེད་ཚད་མཐོ་བའི་པར་རིས་ཐག་གཅོད་མ་ལག་སྒྲིག་སྦྱོར་བྱས་པའི་ཤུགས་འགྲེམས་མེ་འཁོར་གྱི་རིག་ནུས་ཞིབ་དཔྱད་ཚད་ལེན་འཕྲུལ་མིས་ལས་ཀ་བྱེད་སྐབས། ལས་ཕྱོད་དང་ཞིབ་ཚགས་ཚད་གང་ཡིན་རུང་མི་ལས་ཡག་པ་ཡོད། དེས་མེ་འཁོར་འོག་གི་ལྷུ་ལག་ཧྲིལ་པོར་མགྱོགས་མྱུར་བཤེར་འབེབས་དང་རིག་ནུས་དབྱེ་ཞིབ་ཐུབ་ནས་ཞིབ་བཤེར་བཟོ་བཅོས་ཀྱི་ལས་ཕྱོད་ཧ་ཅང་ཆེ་རུ་ཕྱིན་པ་དང་། མེ་འཁོར་འཁོར་སྐྱོད་ཀྱི་ཉེན་ཁ་ཆུང་དུ་ཕྱིན་པ་མ་ཟད། དོ་དམ་གྱི་མ་གནས་དང་མི་ཐབས་ཀྱི་མ་གནས་ཆུང་དུའང་ཕྱིན་ཡོད།

    ལོ་ངོ་བཅུའི་རིང་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པའི་མེ་འཁོར་དང་པོའི་ཁ་ལོ་བ་བཀྲ་ཤིས་ཕུན་ཚོགས་ཀྱང་མེ་འཁོར་གྱི་ཁ་ལོ་བ་ཞིག་ནས་འཕྲུལ་གཉེར་དོ་དམ་ལས་དོན་པར་གྱུར་པ་རེད།

    བཀྲ་ཤིས་ཕུན་ཚོགས་ཀྱིས་ལྷ་གཞིས་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་འགྲོ་སྐྱོད་དཀའ་བ་དང་མེ་འཁོར་ཤར་གཏོང་ཐུབ་རྗེས“གྲོང་གཅིག་ཅན”དུ་གྱུར་པ་དང་། ལྷ་ས་ནས་གཞིས་རྩེའི་བར་རླངས་འཁོར་ལ་བསྡད་ན་ཆུ་ཚོད་6འགོར་བ་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ལ་བསྡད་ན་ཆུ་ཚོད་2དང་སྐར་མ་20ལས་འགོར་གྱི་མེད་པའི་དཔང་པོ་བྱས་པ་དང་། ཤར་གཏོང་ཐུབ་མ་ཐག་པའི་དུས་སུ་ཉིན་རེར་མྱུར་ཚད་དཀྱུས་མའི་མེ་འཁོར་ཆ་1གཏོང་བ་ནས་མིག་སྔར་ཉིན་རེར་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཆ་5གཏོང་བའི་བར་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་པའི་དཔང་པོ་བྱས་ཡོད། བོད་ལྗོངས་མངའ་རིས་ཀྱི་ལྕགས་ལམ་ལས་བཟོ་བ་ཞིག་ཡིན་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས་མི་རིང་བར་མེ་འཁོར་བཏང་ནས་ཕ་ཡུལ་དུ་ལོག་རྒྱུའི་རེ་བ་འཆང་བཞིན་ཡོད།

    ལོ་ངོ་བཅུའི་རིང་ལྷ་གཞིས་ལྕགས་ལམ་གྱིས་བོད་ཀྱི་གྲོང་ཁྱེར་དང་ས་ཁོངས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་དང་མི་རིགས་ཁག་གི་མི་དམངས་དབར་གྱི་སྤེལ་རེས་དང་མཉམ་འདྲེས་སྔར་བས་ཟབ་ཏུ་ཕྱིན་པས“སྐོར་སྐྱོད”ཀྱི་བོད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བར་གྱུར་ཡོད། བོད་ཀྱི་ལྕགས་ལམ་དྲ་བ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག ལྕགས་ལམ་དེ་འགྲིམ་འགྲུལ་གཞན་དག་དང་མཉམ་དུ་གངས་ལྗོངས་ས་མཐོར“མི་རྣམས་ཀྱིས་འགྲུལ་བཞུད་ལོངས་སུ་སྤྱོད་པ། དངོས་ཟོག་བདེ་བླག་དབོར་བའི”མཛེས་སྡུག་ལྡན་པའི་རི་མོ་ཞིག་གྲུབ་ནས་དམངས་ཕྱུག་བོད་དར་ཡོང་བར་སྒུལ་ནུས་གསར་པ་བསྣན་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།