དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཞིང་། ཁོང་གིས། ཏང་ཀྲུང་དབྱང་གི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་འདུན་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཏན་ཏིག་བྱེད་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་སྒྱུར་བཅོས་ཀྱི་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དེ་སྒུལ་ཤུགས་ཆེན་པོར་བརྩིས་ནས་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལི་ཆང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་གོ་བ་གཏིང་ཟབ་བླངས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་སྣེ་ཁྲིད་དུ་བྱས་ཏེ། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་འགག་སྒྲོལ་ཚད་བརྒལ་བྱས་ནས་སྒྱུར་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། འདུས་གྲུབ་མཉམ་འགུལ་ལ་ཤུགས་སྣོན་དང་སྣ་འདུས་ཐབས་བཟང་ཡག་པོ་སྤྱད་དེ་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་ཁ་ཕྱོགས་གཅིག་ཏུ་ནུས་པ་འདོན་རྒྱུར་སྐུལ་འདེད་བཏང་ནས་གནད་དོན་གལ་ཆེན་ཁག་གཅིག་བརྒྱུད་རིམ་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གོང་འོག་མཐུན་སྦྱོར་དང་བཀོད་དོན་ཟུང་འབྲེལ་བྱས་ཏེ་གནད་ལ་འཁེལ་ཞིང་ཕན་ནུས་ཆེ་བའི་སྒོ་ནས་སྒྱུར་བཅོས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས།

    ལི་ཆང་གིས་ནན་བཤད་གནང་དོན། དམིཌ་ཚད་དམ་བཟུང་ལྷོད་མེད་བྱས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་རྒྱུན་མཐུད་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པར་ཤུགས་སྣོན་རྒྱག་དགོས། ནང་མཁོ་སྔར་བས་ནུས་ལྡན་ངང་རྒྱ་བསྐྱེད་བཏང་སྟེ་འཛད་སྤྱོད་འཕེལ་བ་གཙོ་གནད་དུ་བཟུང་ནས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བར་བྱེད་དགོས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་འཕར་སྣོན་རང་བཞིན་དང་སྐུལ་ཁྲིད་རང་བཞིན་ཆེ་བའི་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་པ་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་ཤོང་ཚད་ཆེར་གཏོང་དང་སྤུས་ཚད་མཐོར་འདེགས་མགྱོགས་སུ་གཏོང་བ། འཛད་སྤྱོད་ཆེ་གྲས་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ཚོགས་སྤྱི་མི་འདྲ་བའི་དགོས་མཁོར་གཞིགས་ནས་ཁྱད་པར་ཅན་གྱི་རྒྱབ་སྐྱོར་སྲིད་ཇུས་བཟོ་བ་བཅས་བྱས་ཏེ་འཛད་སྤྱོད་ཀྱི་གཏིང་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས། མ་རྩ་འཇོག་རྒྱ་ཆེ་རུ་གཏོང་བར་སྲིད་གཞུང་གི་མ་འཇོག་སྐུལ་ཁྲིད་ནུས་པ་ཡག་པོ་འདོན་པ་དང་། དམངས་ཁྲོད་ཀྱི་མ་འཇོག་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་དེ་མ་རྩར་སྤྱོད་པའི་ཁྱབ་ཁོངས་དང་། གཞི་ཁྱོན། བསྡུར་ཚད་བཅས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་དེ་བས་ཁྱབ་ཆེ་བའི་སྤྱི་ཚོགས་ཀྱི་མ་འཇོག་ལ་སྐུལ་ཁྲིད་བྱེད་དགོས། སྲིད་གཞུང་དང་ཁེ་ལས་དབར་གྱི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་སྤེལ་རེས་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཁེ་ལས་ཀྱི་འབོད་སྒྲ་ཉན་ཐུབ་པ་མ་ཟད་གོ་ཐུབ་པར་བྱས་ཏེ་ཁེ་ལས་ཀྱི་དཀའ་ངལ་ངོ་མ་དངོས་འབྲེལ་ཐག་གཅོད་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཁྱབ་གདལ་བེད་སྤྱོད་དང་རིམ་འཇུག་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པ། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ས་གནས་ཀྱིས་ཁྱད་ཆོས་ལ་གཞི་ཚུགས་ནས་ལེགས་ཆའི་ཐོན་ལས་གཏོད་པར་སྐུལ་ལྕག་གཏོང་བ་བཅས་བྱེད་དགོས།

    ལི་ཆང་གིས་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བར་རང་འགུལ་ངང་བསྟུན་པ་དང་། ལྗང་མདོག་ཚོང་དོན་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་ཕྱི་ཕྱོགས་ཚོང་དོན་གྱི་འཕར་གཞི་གསར་པ་རྒྱ་ཆེར་གཏོང་བ། ཁེ་ལས་ཀྱིས་སྣ་མང་ཅན་གྱི་ཁྲོམ་ར་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱེད་པ། ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བེད་སྤྱོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་གྱི་མ་དངུལ་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་སུ་ཏན་ཏིག་གཏོང་བ་དང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་དང་བཟོ་བ་བཅས་བྱས་ཏེ་གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོ་སྲུང་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་བས་ལེགས་པར་བྱེད་དགོས། གེགས་འགོག་གེགས་སེལ་དང་གུད་སྐྱོབ་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།

    ལི་ཆང་གིས་བསྟན་དོན། སྲིད་གཞུང་གི་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གང་ཐུབ་གཏོང་དགོས། རིམ་ཁག་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་དང་ཁྲིམས་སྒྱུར་བྱེད་སྟངས་ལེགས་སུ་བཏང་སྟེ་སྲིད་འཛིན་གྱི་མ་གནས་དམའ་རུ་གཏོང་བ་དང་སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བར་ཤུགས་རྒྱག་དགོས། སྲིད་འཛིན་ཁྲིམས་སྒྱུར་བྱེད་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་རྒྱུ་དེ་རྩ་བའི་དམིགས་ཚད་དུ་འཛིན་དགོས་པ་དང་། གང་བྱུང་དུ་ཞིབ་བཤེར་དང་གང་བྱུང་དུ་དངུལ་ཆད་གཅོད་པ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་བཀག་འགོག་དང་ཡོ་བསྲང་བྱས་ཏེ་ཚོང་གཉེར་ཁོར་ཡུག་བཟང་པོར་བརྟེན་ནས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།