དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་བཅོས་འགན་བཅོལ་སྲིད་ཇུས་བཟང་། མང་ཚོགས་སེམས་པ་ལྷོད་ལ་བབས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཀྲེ་ཧྥུང་། ཞུས་ལེ་ཕུང་།   |     སྤེལ་དུས།  2024-08-19

    སྨན་བཅོས་འགན་བཅོལ་ལམ་ལུགས་ལ་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་བ་དང་བསྟུན་ནས། བྱ་ཐབས་རེ་རེས་མི་སེར་གྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཐུབ་སྟེ། མང་ཚོགས་ཀྱིས་སྨན་པ་བསྟེན་པར་སྟབས་དེ་བས་བདེ་རུ་ཕྱིན་ཡོད།

    སྔ་དྲོའི་ཆུ་ཚོད་8པར། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ལུའུ་ཆོན་ཆུས་ཀྱི་གྲོང་མི་ཀུའོ་ཀུའེ་དབྱིང་གིས་འཆར་ཅན་བཞིན་ཁྱིམ་དུ་གཙང་སྦྲ་བྱེད་འགོ་བརྩམས། ལོ་77ལ་སླེབས་པའི་ཁོང་རྒྱུན་དུ་ནང་ལས་བྱེད་པར་གོམས་པས། ཕར་ལ་བལྟས་ན་སྐྲན་ནད་ཕོག་ནས་ལོ་10ཙམ་སོང་བའི་ནད་པ་ཞིག་འདྲ་པོ་གཏན་ནས་མེད།

    ལོ་9ཡི་ནང་ཚུན་དུ་ཨ་མ་ཁྲིད་དེ་པེ་ཅིང་དུ་གཤགས་བཅོས་ཐེངས་གསུམ་བྱེད་པར་བསྐྱོད་པའི་ཀུའོ་ཀུའེ་དབྱིང་གི་བུ་ཁྲེན་ཧྲི་ཅེས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་བཏོན་པའི“སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ལ་སྒྱུར་བཅོས་གཏིང་ཟབ་བྱེད་པའི”ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད།

    2015ལོའི་ཟླ་བ་3པར། ས་གནས་དེ་གའི་སྨན་ཁང་གིས་ཀུའོ་ཀུའེ་དབྱིང་ལ་སྐྲན་ནད་ཕོག་པ་གཏན་འཁེལ་བྱས་སྟབས། དེ་འཕྲལ་པེ་ཅིང་གི་སྨན་ཁང་ཞིག་ཏུ་གཤགས་བཅོས་ལ་སྐྱོད་དགོས་བྱུང་ཡོད། ཁྲེན་ཧྲི་ཅེ་ཡིས། “གཞན་ཡུལ་དུ་སྨན་བཅོས་བྱེད་པར་སྔོན་ལ་ཐོ་འགོད་སྙན་སེང་ཞུ་དགོས་ཀྱི་འདུག ང་ཚོས་སྤྱི་ཚོགས་འགན་བཅོལ་གཱ་དང་སྨན་ཁང་སྒྱུར་བའི་དཔང་ཡིག་སོགས་ཁྱེར་ནས་ལུའུ་ཆོན་ཆུས་སྨན་བཅོས་འགན་བཅོལ་སྡེ་ཚན་དུ་ཕྱིན་ཏེ་ས་ཡུལ་དངོས་སུ་རེའུ་མིག་བརྒྱངས་ནས་ཐོ་འགོད་སྙན་སེང་ཞུས་པ་ཡིན”ཞེས་བརྗོད་པ་དང་། ཁོང་གིས་ལག་ཐོགས་ཁ་པར་ནས་འབྲེལ་ཡོད་ཡིག་ཆའི་པར་བསྟན་ནས། “གཤགས་བཅོས་བྱེད་པར་སྨན་རིན་སྒོར་ཁྲི་11ཙམ་དགོས་པ་དག་ངེས་པར་དུ་སྔོན་ཚུད་ནས་སྨན་ཁང་ལ་སྤྲོད་དགོས་པས། གཅེན་གཅུང་དྲུག་པོས་ཧ་རུབ་སྦར་རུབ་ཀྱིས་དངུལ་བསྡུས་ནས་སྤྲད་ཡོད”ཅེས་བརྗོད། སྨན་ཁང་ནས་དོན་ཏེ་གཟའ་འཁོར་གཅིག་སོང་རྗེས་ཁྲེན་ཧྲི་ཅེས་པེ་ཅིང་དུ་བསྐྱོད་དེ་ནད་ཐོ་དཔར་སློག་བརྒྱབ་པ་དང་། ནད་ཐོ་དང་འཛིན་ཤོག་ཆག་པ་གཅིག་འཁྱེར་ཏེ་ལུའུ་ཆོན་ཆུས་སྨན་བཅོས་སྡེ་ཚན་དུ་སྨན་རིན་རྩིས་ཞུ་བྱེད་པར་བསྐྱོད། སླར་ཡང་ཟླ་བ་གཉིས་སོང་རྗེས། གཞི་ནས་འགྲོ་སོང་རྩིས་ཞུའི་དངུལ་རག་ཡོད།

    ཁྲེན་ཧྲི་ཅེས། “ད་ཆ་སྔོན་ཆད་དང་གཏན་ནས་འདྲ་གི་མེད”ཅེས་བཤད་པ་དང་སྦྲགས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་སྟེ། 2022ལོའི་ཟླ་བ་3པར། ཨ་མ་ཁྲིད་ནས་པེ་ཅིང་དུ་གཤགས་བཅོས་ཐེངས་གཉིས་པ་བྱེད་པར་སྐྱོད་པའི་ལམ་བར་དུ་ལག་ཐོགས་ཁ་པར་ནས་ས་ཆ་གཞན་དུ་སྨན་པ་བསྟེན་རྒྱུའི་ཐོ་འགོད་སྙན་སེང་ཞུས་པར་སྐར་མ་ཁ་ཤས་ལས་འགོར་མེད་པ་དང་། སྤྱི་ཚོགས་འགན་བཅོལ་གཱ་འཁྱེར་ནས་སྨན་ཁང་དུ་སྡོད་སྐབས་གཏའ་དངུལ་སྒོར་སྟོང་ཕྲག་ཁ་ཤས་ལས་སྤྲོད་དགོས་བྱུང་མེད་ལ། སྨན་ཁང་ནས་དོན་སྐབས་སྨན་རིན་རྩིས་ཞུའི་མ་ལག་ནས་དུས་ཐོག་ཏུ་སྒོར་ཁྲི་13མཇུག་རྩིས་ཐུབ་པས། སྨན་རིན་རྩིས་ཞུའི་ཆེད་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་བྱུང་མེད། ད་ལོའི་ཟླ་བ་ལྔ་པར་ཨ་མ་ཁྲིད་ནས་པེ་ཅིང་དུ་གཤགས་བཅོས་ཐེངས་གསུམ་པ་བྱེད་པར་སྐྱོད་སྐབས་དེ་བས་སྟབས་བདེ་རུ་ཕྱིན་ཏེ་ཐོ་འགོད་སྙན་སེང་ཡང་ཞུ་དགོས་མེད་པར། སྤྱི་ཚོགས་འགན་བཅོལ་གཱ་འཁྱེར་བའམ་ཡང་ན་སྨན་བཅོས་འགན་བཅོལ་གྱི་བཤེར་རྟགས་སྤྱད་ན་འགྲིག་གི་ཡོད་པ་རེད།

    སྤྱི་ཚོགས་འགན་བཅོལ་གཱ་གཅིག་ས་ཁུལ་ཁག་གསུམ་གར་སྤྱོད་ཆོག་པ་ལས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི“སེམས་མཐུན་སྒོར་དབྱིབས”ཤིག་ཆགས་པ་སྟེ། 2023ལོའི་ཟླ་བ་4པར། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་ཐོ་འགོད་སྙན་སེང་ཞུ་བའི་འགྲོ་ལུགས་ཕྱོགས་ཡོངས་ནས་མེད་པར་བཟོས་པས། 2023ལོར་ཧོ་པེའི་འགན་བཅོལ་ནང་ཞུགས་པའི་ནད་པ་པེ་ཅིང་དུ་སྨན་ཁང་ལ་སྡོད་པ་དང་སྨན་བཅོས་བྱེད་པར་སྐྱོད་མཁན་མི་ཐེངས་དུས་མཚུངས་ལས་ཁག་སོ་སོར་ལྡབ་1དང་ལྡབ་2.8འཕར་བ་དང་། པེ་ཅིང་དང་ཐེན་ཅིན་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནད་པ་ཧོ་པེ་རུ་སྨན་བཅོས་བྱེད་པར་ཡོང་བའི་མི་ཐེངས་ཀྱང་མང་དུ་ཕྱིན་ཡོད་པ་རེད།

    ཡུལ་གཞན་དུ་སྨན་བཅོས་བྱེད་པར་སྟབས་བདེ་ཡོད་པས་ཀུའོ་ཀུའེ་དབྱིང་གི་སེམས་པ་ལྷོད་ལ་བབས་ཤིང་། སྨན་བཅོས་འགན་བཅོལ་གྱི་རྩིས་ཐེམ་མཉམ་སྤྱོད་བྱེད་ཆོག་པ་ལས་ཧྲི་ཅ་ཀྲོང་གི་གྲོང་མི་ཝང་རུའུ་ཁྲུན་གྱི་འཚོ་བ་སྔར་བས་སྐྱིད་དུ་ཕྱིན་ཡོད།

    ཝང་རུའུ་ཁྲུན་གྱིས་སྤྱི་ཚོགས་འགན་བཅོལ་གཱ་ཁྱེར་ནས་ཉེ་འགྲམ་གྱི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་ཚོང་ཁང་ཞིག་ཏུ་སྨན་ཉོ་བཞིན་དུ། “སྨན་བཅོས་འགན་བཅོལ་གཱ་ནང་གི་དངུལ་ནང་མིར་སྤྱོད་ཆོག་པའི་སྲིད་ཇུས་དེ་གོ་ཆོད་པོ་འདུག”ཅེས་བརྗོད་པ་དང་། ཁོང་གིས། “ངེད་རྒན་རྒོན་གཉིས་ཀྱི་སྨན་བཅོས་འགྲོ་སོང་མང་པོ་ཡིན་རུང་། ཕྲུ་གུའི་ལས་བཟོའི་སྨན་བཅོས་འགན་བཅོལ་རྩིས་ཐེམ་སྤྱིར་ན་སྤྱོད་ཉུང་ཉུང་རེད། ད་ཆ་སྨན་ཉོ་སྐབས་ང་དང་བཟའ་ཟླའི་གཱ་གཉིས་ཀ་སྤྱོད་ཆོག་པ་མ་ཟད། གལ་ཏེ་རྩིས་ཐེམ་ནང་གི་དངུལ་མ་འདང་ཚེ། ཕྲུ་གུའི་སྨན་བཅོས་འགན་བཅོལ་རྩིས་ཐེམ་ནས་ཀྱང་འཐེན་ཆོག་གི་ཡོད”ཅེས་བརྗོད།

    2022ལོར། ཧོ་པེ་ཞིང་ཆེན་གྱིས་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐེམ་དེ་ཁྱིམ་ཚང་ལའང་མཉམ་སྤྱོད་ཆོག་པའི་སྒྱུར་བཅོས་བྱས་པས། ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐེམ་དེ་འགན་བཅོལ་ནང་ཞུགས་པའི་ཉེ་རྒྱུད་གཉེན་ཚན་གྱིས་མཉམ་དུ་སྤྱོད་ཆོག་པ་དང་། དམིགས་འཛུགས་སྨན་ཁང་དང་སྨན་ཚོང་ཁང་དུ་སྤྱོད་ཆོག་པ། དེ་བཞིན་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་ཡང་འཇལ་ཆོག་གི་ཡོད། དེ་ལག་ལེན་བསྟར་ཚུན། ཧོ་པེ་ཞིང་ཆེན་གྱི་མཉམ་སྤྱོད་བྱེད་མཁན་ནང་མིས་སྨན་ཉོ་ཐེངས་ཁྲི་811ལྷག་ཙམ་ཟིན་པ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་ཚད་ཐེངས་ཁྲི་148ཟིན་པའི་གྲས་སུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཚུད་པའི་ཞིང་ཆེན་20ལྷག་ཙམ་གྱི་ནང་ཁུལ་དུ་ས་ཁོངས་བརྒལ་རུང་རྩིས་ཐེམ་གཅིག་མཉམ་དུ་སྤྱོད་ཐུབ་པ་བྱུང་ཡོད།

    སྨན་བཅོས་འགན་བཅོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་སྲིད་ཇུས་དང་ལམ་ལུགས་ཀྱི་བཀག་རྒྱ་དང་ས་ཁོངས་དང་ཐོབ་ཐང་གི་ཚད་བཀག་མེད་པར་བཟོས་ཏེ། སྲིད་ཇུས་དང་བྱ་ཐབས་དེ་བས་མང་བ་བཏོན་དང་འདོན་བཞིན་ཡོད་པར། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་བཟང་པོས་མང་ཚོགས་ཀྱི་སེམས་པ་ལྷོད་ལ་བབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།