དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་གི་མི་མེད་གནམ་གྲུའི་ཟོག་འགྲེམས་སྡེབ་སྐྱེལ་མཁའ་ལམ་ཐོག་མ་ཡན་ཆིང་པ་ཏ་ལིང་ལྕགས་རི་རིང་པོར་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-19

    འདི་ནི་པ་ཏ་ལིང་ལྕགས་རི་རིང་པོའི་མཁའ་ཐོག་ཏུ་འཕུར་བཞིན་པའི་ཟོག་སྐྱེལ་མི་མེད་གནམ་གྲུ་ཡིན་པ།

    མཛེས་ལྗོངས་ཁུལ་གྱི་ལྟ་སྐོར་ཉམས་ལེན་བྱེད་ཤུགས་དང་འཕྲལ་སྡོམ་འགན་ལེན་ནུས་པ་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་། མོས་འདེམས་ཚོགས་པའི་མི་མེད་གནམ་གྲུས་ཡན་ཆིང་པ་ཏ་ལིང་ལྕགས་རི་རིང་པོའི་མཛེས་ལྗོངས་ཁུལ་དུ་པེ་ཅིང་གི་མི་མེད་གནམ་གྲུའི་སྡེབ་སྐྱེལ་མཁའ་ལམ་ཐོག་མ་བཏོད་པ་རེད། མིག་སྔར“མཁའ་དབྱིངས་ཀྱི་བར་མཐོངས”དེས་གནམ་གྲུ་འབབ་སའི་ཉེ་འགྲམ་གྱི་ཡུལ་སྐོར་བར་ཚ་འགོག་དྲོད་འཇགས་དང་འཕྲལ་སྡོམ་རོགས་སྐྱོབ་སོགས་དངོས་ཟོག་སྡེབ་སྐྱེལ་གྱི་ཞབས་འདེགས་ཞུ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་པེ་ཅིང་གྲོང་ཁུལ་གྱི་རྒྱུན་རྣམ་ཅན་གྱི་མི་མེད་གནམ་གྲུའི་སྡེབ་སྐྱེལ་ཞབས་ཞུ་ཐོག་མ་དེའང་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཁའ་ལམ་དེའི་གནམ་གྲུའི་འབབ་ས་ནི་པ་ཏ་ལིང་ལྕགས་རི་རིང་པོའི་གྲོང་ལྷོའི་སྣུར་སྲིང་ལམ་ཐིག་གི་ནན་ཅིའུ་མཁར་སྒོའི་ལྕོག་ཁང་དུ་བསྐྲུན་ཡོད་པ་དང་ས་ཁོངས་དེ་2023ལོའི་ལོ་མཇུག་ཏུ་སྤྱི་དམངས་ལ་སྒོ་ཕྱེ་ཡོད། ས་ཁོངས་ནང་གི་གདོད་མའི་ཉམས་འགྱུར་རྒྱུན་འཁྱོངས་གང་ཐུབ་བྱ་ཆེད། དེ་གར་ཚོང་ལས་སྒྲིག་བཀོད་གང་ཡང་བཙུགས་མེད་མོད། འོན་ཀྱང་དེ་གར་ཡོང་མཁན་ཡུལ་སྐོར་བས་འཐུང་ཆུ་སོགས་དངོས་ཟོག་མཁོ་སྐབས་རྐང་ཐང་མར་ཉུང་མཐར་ཡང་ཆུ་ཚོད་ཕྱེད་ཀ་ཙམ་འགྲོ་དགོས་ཀྱི་ཡོད་པ་རེད།

    མཁའ་ལམ་ཤར་གཏོང་ཐུབ་རྗེས་གནམ་གྲུ་འབབ་སའི་ཉེ་འགྲམ་གྱི་ཡུལ་སྐོར་བས་ལག་ཐོགས་ཁ་པར་ནས་ཅ་ལག་མངགས་ན། སྐར་མ་ཁ་ཤས་ལས་སྒུག་དགོས་མེད་པར་མི་མེད་གནམ་གྲུས་སྡེབ་སྐྱེལ་བྱེད་ཀྱི་ཡོད། སྐྱེལ་འདྲེན་གྱི་དགོས་མཁོ་སྐོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་མི་མེད་གནམ་གྲུས་ད་དུང་གནམ་གྲུ་འབབ་སའི་ཉེ་འགྲམ་གྱི་ཡུལ་སྐོར་བར་ཉི་གདུགས་དང་དྲོད་འཇགས་སྦྱར་ཆས་སོགས་ཚ་འགོག་དྲོད་འཇགས་ཀྱི་དངོས་ཟོག་ཉོ་སྒྲུབ་དང་སྐྱེལ་འདྲེན་བྱེད་རོགས་བྱེད་ཀྱི་ཡོད། མི་མེད་གནམ་གྲུ་འཕུར་སར་ད་དུང་འཕྲལ་སྡོམ་སྨན་སྒམ་ཆུང་ངུ་བསྒྲིགས་ཏེ། དགོས་མཁོ་ཡོད་པའི་ཡུལ་སྐོར་བར་དུག་སེལ་གཤེར་ཁུ་དང་ཚྭ་ཆུ་སོགས་མྱུར་སྐྱོབ་དངོས་ཟོག་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།

    པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཡན་ཆིང་ཆུས་ཀྱིས་མི་མེད་གནམ་གྲུ་དེ་ས་ཁོངས་ཀྱིས་གཙོ་གནད་དུ་སྐྱེད་སྲིང་བྱེད་པའི་ཐོན་ལས་ཆེ་གྲས་བཞིའི་གྲས་སུ་བརྩིས་ཏེ། པེ་ཅིང་གྲོང་ཁྱེར་གྱི་ཀྲུང་ཀོན་གྲོང་ཚོའི་དམའ་དབྱིངས་དཔལ་འབྱོར་ཐོན་ལས་གླིང་ཐོག་མ་དེའང་ཉེ་དུས་ཡན་ཆིང་དུ་བཙུགས་ཤིང་། འབྱུང་འགྱུར་ཡན་ཆིང་གིས་ཉེར་སྤྱོད་ཐབས་ལམ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་། ལྕགས་རི་རིང་པོ་སྲུང་སྐྱོང་། གྲོང་ཁྱེར་ཟོག་འགྲེམས། ཡན་ལག་ཟོག་འགྲེམས། རིག་གནས་ཡུལ་སྐོར་ཉམས་ལེན་སོགས་ཁྱབ་ཁོངས་ཁག་དྲུག་ཏུ་མི་མེད་གནམ་གྲུ་སྤྱོད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    2020ལོའི་ཟླ་10པར། ཡན་ཆིང་ཆུས་ལ་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་པེ་ཅིང་གྲོང་ཁྱེར་གྱི“དམངས་སྤྱོད་མི་མེད་མཁའ་འགྲུལ་ཚོད་ལྟ་ཁུལ”ཁག་དང་པོའི་ཆོག་མཆན་ཐོབ་སྟེ། སྤྱི་ལེ་ངོས་གྲུ་374ཡི་བར་སྣང་གི་ཁྱབ་ཁོངས་དང་མཐོ་ཚད་སྨི་1098ཡི་སར་འཕུར་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།