ཆན་ཁའེ་གྲུ་ཁས་ཕེ་རུའི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།
འདི་ནི་ཕེ་རུའི་ཆན་ཁའེ་གྲུ་ཁའི་ལས་སྒྲུབ་ཁུལ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་མུའུ་ཙེས་པར་བརྒྱབ།
ཀྲུང་གོས་བསྐྲུན་པའི་ཕེ་རུའི་ཆན་ཁའེ་གྲུ་ཁ་གང་མགྱོགས་སྤྱོད་འགོ་ཚུགས་རྒྱུ་དང་སྦྲགས། ཕེ་རུ་དཔལ་འབྱོར་འཕར་ཚད་མཐོ་བའི་དུས་སྐབས་སུ་སླེབས་ཉེར་ཡོད་པ་རེད། དེ་ལས་ཕེ་རུ་དང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་གཞན་དག་གི་ཐོན་རྫས་དང་ཀྲུང་གོ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་ཧྲིལ་པོའི་དབར་གྱི་སྐྱེལ་འདྲེན་ལམ་ཐག་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།
ཆན་ཁའེ་གྲུ་ཁ་བསྐྲུན་པ་དེས་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་རྣམ་གྲངས་རབ་དང་རིམ་པ་ཐོན་པ་དང་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཕ་རོལ་གྱི་ཁྲོམ་ར་ཆེན་པོ་མྱུར་པོ་སྦྲེལ་མཐུད་གང་མགྱོགས་ཐུབ་པར་སྐུལ་འདེད་ཐེབས་ཡོད། རང་བྱུང་སོལ་རླངས་དང་། ཉ་ཕྱེ། གཏེར་རྡོ། ཟངས་དང་ལིས་སོགས་ནུས་རྒྱུ་གཞན་སྒྱུར་གྱི་མ་བཅོས་རྒྱུ་ཆ་གལ་ཆེན་ཆན་ཁའེ་གྲུ་ཁ་ནས་ཕྱིར་གཏོང་བྱ་རྒྱུ་ཡིན་པ་རེད། ཕེ་རུ་དང་ཆི་ལིར་ཟངས་གཏེར་འབོར་ཆེན་ཡོད། གཞན་ཡང་། གོ་ལ་ཧྲིལ་པོའི་ལིས་གསོག་ཚད་ཀྱི་ཕྱེད་ཀ་ལྷོ་ཨ་མེ་རི་ཁར་ཡོད། འབྱུང་འགྱུར་ཆན་ཁའེ་གྲུ་ཁ་དེ་ཉིད་ཨེ་ཤེ་ཡ་དང་ལྷོ་ཨ་མེ་རི་ཁའི་དབར་གྱི་ཚོང་དོན་ལྟེ་གནས་སུ་བྱས་ནས་ནུས་པ་གལ་ཆེན་ཐོན་རྒྱུ་རེད།
ཉིན་ཤས་གོང་། ཕེ་རུའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་ཧོ་སའེ·ཨ་ལི་སི་ཐ་ཡིས་ཚོང་དོན་གླེང་སྟེགས་ཤིག་གི་ཐོག་ཆན་ཁའེ་གྲུ་ཁ་སོགས་རྣམ་གྲངས་ལས“མ་འཇོག་བྱེད་མཁན་གྱིས་ཕེ་རུར་འཛིན་པའི་ལྟ་ཚུལ་ལ་འགྱུར་ལྡོག་འགྲོ་རྒྱུ་རེད”ཅེས་བཤད། འོན་ཀྱང་ཕེ་རུའི་མཚོ་རྒྱུད་དུ་སྐྲུན་བཞིན་པའི་གྲུ་ཁའི་རྨང་གཞིའི་སྒྲིག་བཀོད་ཆེན་པོ་གང་ལེགས་སྤྱོད་པར། ད་དུང་སྐམ་ལམ་གྱི་དྲ་རྒྱ་ཞིག་ཁ་གསབ་ཏུ་བྱས་ཏེ་ཕེ་རུའི་སྐམ་སའི་དབུས་ཁུལ་གྱི་ཐོན་སྐྱེད་དང་ཨེ་ཤེ་ཡའི་ཁྲོམ་རར་སྐྱོད་པའི་ཕྱིར་གཏོང་ས་ཚིགས་དེ་དག་སྦྲེལ་མཐུད་བྱེད་དགོས་ཀྱི་ཡོད་པ་རེད། ཨ་ལི་སི་ཐ་ཡིས། ཕེ་རུར་མ་རྩ་དེ་བས་མང་བ་འཇོག་རྒྱུར་གདེང་ཚོད་ཆེན་པོ་ཡོད་ཅེས་བཤད་པ་རེད།
—— ཕེ་རུ་ཨན་ཏི་སི་གསར་འགྱུར་ཁང་དང་སུའེ་ཙེར་གྱི《སུའུ་ལི་ཧྲི་ཚགས་པར་གསར་པའི》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།