དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་7པར་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཁྲོད་ཡར་འཕེལ་བྱུང་བ།

    འཛད་སྤྱོད་ཀྱི་གཏིང་ཤུགས་མུ་མཐུད་ཆེ་རུ་སོང་བ་དང་གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-18

    ཚེས་15ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་7པའི་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ཀྱི་གཞི་གྲངས་ཁྱབ་བསྒྲགས་བྱས་པར། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་ཁྲོད་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་མཐུད་ཐུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།

    ཐོན་སྐྱེད་མཁོ་སྤྲོད་བརྟན་པོའི་ངང་འཕར་སྣོན་བྱུང་ཞིང་། བཟོ་ལས་ཐོན་སྐྱེད་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་སྟེ། ཟླ་7པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.1%འཕར་ནས་ཟླ་གོང་མ་ལས་0.35%འཕར་ཡོད། ཞབས་ཞུ་ལས་རིགས་བསྐྱར་འཕར་ཅུང་ཟད་བྱུང་ནས་ཟླ་7པར་ཞབས་ཞུ་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་4.8%འཕར་བའི་ནང་། དབྱར་གསེང་རིང་ཡུལ་སྐོར་དུ་སྐྱོད་མཁན་མང་དུ་ཕྱིན་པ་དེས་འབྲེལ་ཡོད་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཁང་། སྦྲག་ལས་བཅས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་5.3%འཕར་ནས་ཞབས་ཞུ་ལས་རིགས་ཡོངས་ཀྱི་འཕར་ཚད་ལས་མགྱོགས་པ་ཡོད་པ་རེད།

    ཁྲོམ་རའི་དགོས་མཁོ་མུ་མཐུད་སླར་གསོ་བྱུང་ཞིང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལ་མུ་མཐུད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཆབས་ཅིག ཚོང་ཟོག་སིལ་ཚོང་བྱེད་མགྱོགས་སུ་ཕྱིན་པ་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་གཏིང་ཤུགས་མུ་མཐུད་ཆེ་རུ་སོང་བ། ཁྲོམ་རའི་ཕྱིར་ཚོང་བྱེད་ཚད་མང་དུ་ཕྱིན་པ་བཅས་དང་། ཟླ་7པར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་2.7%འཕར་བ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.7མགྱོགས་སུ་ཕྱིན་ཡོད་པ་རེད། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཐོན་པ་དང་བསྟུན་ནས་མ་འཇོག་གི་གཞི་ཁྱོན་མུ་མཐུད་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཅུང་མགྱོགས་པོ་འཕར་ཞིང་། ཟླ་7པར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་36758ཟིན་པ་དེ་དུས་མཚུངས་ལས་6.5%འཕར་ཡོད་པ་རེད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་བྱུང་ཞིང་། གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཟླ་7པར་རྟོག་བཟོའི་དངོས་ཡོད་སྒྲིག་ཆས་ཐོན་ཚད་དུས་མཚུངས་ལས་55.7%འཕར་བ་དང་ཞབས་ཞུའི་འཕྲུལ་མིའི་ཐོན་ཚད་དུས་མཚུངས་ལས་41.6%འཕར་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་རིམ་བཞིན་གྲུབ་ཡོད་པ་རེད། ལྗང་མདོག་ཐོན་རྫས་རྒྱུན་མཐུད་ངང་སྟོབས་ཆེར་ཕྱིན་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་དུས་མཚུངས་ལས་27.8%འཕར་བ་དང་། གློག་སྡོང་ཐོན་ཚད་དུས་མཚུངས་ལས་34.9%འཕར་བ། རླུང་ཤུགས་གློག་འདོན་འཕྲུལ་འཁོར་གྱི་སྒྲིག་སྦྱོར་མ་ལག་ཐོན་ཚད་དུས་མཚུངས་ལས་39.6%འཕར་བ་བཅས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།