ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཅིག་རེད། གདོང་ལེན་རུ་ཁག་ཅེས་པ་མདོར་བསྡུས་ནས་བཤད་ན་རུ་སྣེ་འཁྲིད་མཁན་ཞིག་རེད། ལོ་100ལྷག་ཙམ་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་ཀྱི་རླབས་རྒྱུན་གྱི་མདུན་མར་ལངས་ནས་སྔ་བར་ཕྱི་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་རྒྱལ་ཁ་ཡང་ནས་ཡང་དུ་བླངས་ཡོད། ཉེ་རབས་ཚུན་གྱི་ཀྲུང་གོའི་ལོ་རྒྱུས་ལས། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའང་མེད་པ་གསལ་བཤད་བྱས་ཡོད། ང་ཚོར་ད་ཆའི་བདེ་སྐྱིད་འཚོ་བ་འདི་འདྲ་སྐྱེལ་རྒྱུ་ཡོད་པ་ནི་ཏང་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པ་ཚོར་ཐུབ་པ་དགོས་ལ། འབྱུང་འགྱུར་ང་ཚོར་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་དགོས་ན་ངེས་པར་དུ་མུ་མཐུད་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས།
ཏང་གི་བཀའ་ལ་ཉན་པ་ཞེས་པ་ནི། བསམ་བློ་གཅིག་གྱུར་གྱིས་ཏང་གི་བཀོད་འདོམས་ལ་ཉན་དགོས་པ་དེ་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རང་རང་གི་ལས་གནས་ལ་གཞི་ཚུགས་ནས་མང་ཚོགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་ལག་ལེན་ཡག་པོ་བསྟར་བ་དང་། དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་ལྟར“འཛུགས་གཏོད་བཞི”མདུན་གྲལ་དུ་སླེབས་པར་བྱེད་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཕུགས་བསམ་དང་དད་སེམས་དང་། རིན་ཐང་གི་ལྟ་བ་འཛིན་ཕྱོགས། འགན་འཁྲི་འཁུར་ཕོད་པ་བཅས་ལ་ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཡོང་བར་བྱས་ཏེ་ཏང་གི་འབོད་སྐུལ་ལ་ཉན་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིའི”ཁྲོད་དུས་རབས་གསར་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས།
ཏང་གི་བཀའ་དྲིན་ཚོར་བ་ཞེས་པ་ནི། ང་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་སྐབས་གུང་ཁྲན་ཏང་གི་བཀའ་དྲིན་མི་བརྗེད་པར་བྱས་ཏེ་དྲིན་ཚོར་གྱི་བསམ་པ་བཅངས་ནས་སྤྱི་ཚོགས་དང་། རྒྱལ་ཁབ། ཏང་བཅས་ལ་དྲིན་ལན་འཇལ་དགོས་པ་དེ་ཡིན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བྱུང་ནས་རང་ཉིད་ཀྱི་བདག་པོར་གྱུར་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོ་གུང་ཁྲན་ཏང་གི་གཟིགས་སྐྱོང་སྲིད་ཇུས་ཁག་གིས་བོད་ཡུན་རིང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་བོད་དུ་དབུལ་པོ་དབུལ་ནག་གི་གནད་དོན་ལོ་རྒྱུས་རང་བཞིན་གྱིས་ཐག་གཅོད་ཐུབ་ཡོད། ཤོད་རྒྱུན་ལ“ཆུ་ཐིགས་ཀྱི་དྲིན། ཆུ་མིག་གིས་འཇལ་དགོས”ཞེས་ཟེར་སྲོལ་ཡོད། དུས་རབས་གསར་པར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་ཚོར་བར་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱེད་དགོས།
ཏང་གི་རྗེས་སུ་འབྲང་བ་ཞེས་པ་ནི། ཏང་དར་གྱི་རྗེས་སུ་འབྲངས་ཏེ་ཏང་དར་གང་དུ་ཕྱོགས་ཀྱང་ང་ཚོ་དེ་གར་བསྐྱོད་དེ་སྔ་བར་ཕྱི་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་ཡིན་མིན་ཆེན་པོའི་མདུན་དུ་རྣམ་འགྱུར་མཐའ་གཅིག་ཏུ་སྟོན་པ་དང་དར་ཆ་གསལ་སྟོན་བྱེད་དགོས་པ་དེ་ཡིན། “ཏང་གི་རྗེས་སུ་འབྲང་བ”སྟོང་གཏམ་ཞིག་མིན་པར་ང་ཚོ་མི་རེ་ངོ་རེའི་སློབ་སྦྱོང་དང་། ལས་དོན། འཚོ་བ། ཐོན་སྐྱེད་བཅས་ཀྱི་ཁྲོད་ལག་ལེན་བསྟར་ནས་སྔ་བར་ཕྱི་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་ཏེ། “འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱས་ཏེ་ཏང་གི་དགོས་མཁོ་ཡོད་སར་དུས་ནམ་ཡང་དོན་ཐུབ་པ་དང་། འགག་རྩའི་དུས་སུ་གདོང་ལེན་ཕོད་པ། དཀའ་ཉེན་དུས་སུ་སྲོག་འབེན་འཛུགས་ཕོད་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་བོད་ཀྱི་ལེའུ་ཡག་པོ་བརྩམས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རིང་བོད་ཀྱི་དཔེ་དབྱིབས་བཏོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རིང་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དགོས།
བོད་ཀྱི་འཕོ་འགྱུར་ཆེན་པོ་ཏང་ལ་བརྟེན་ནས་བྱུང་བ་ཡིན། དུས་རབས་གསར་པ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་ཤོས་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར་ཐོབ་མང་ཤོས། མི་རིགས་ཁག་གི་བུ་ཕྲུག་ལ་ཕན་པ་ཐོབ་ཆེ་ཤོས་བཅས་ཀྱི་དུས་རབས་ཤིག་ཡིན་པ་དང་། དེ་དག་ཚང་མ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ཏང་གི་བཀའ་དྲིན་རི་ལས་མཐོ་ཞིང་མཚོ་ལས་ཟབ་པར་བརྟེན་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ནམ་ཡང་མི་བརྗེད་པར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།