དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྲ་ཐོག་ནས་མཐའ་མཚམས་ཡུལ་སྐོར་ལ་རམ་འདེགས་བྱེད་མཁན་དུས་རབས་གསར་པའི་མཐའ་སྲུང་བོད་རིགས་བུ་མོ་བཀ྄་ཤིས་ཆོས་སྒྲོན།

    ཨེན་དཀར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་གཏམ་རྒྱུད།

  •     སྤེལ་དུས།  2024-08-18

    འདི་ནི་ཨེན་དཀར་གྱིས་མཚོ་དཀར་མཚོར་བརྙན་ཐུང་པར་ལེན་བྱས་ནས་གནས་དེ་གའི་མི་ཆོས་རིག་གནས་དང་རང་བྱུང་མཛེས་ལྗོངས་ངོ་སྤྲོད་བྱེད་བཞིན་པ།

    ཧི་མ་ལ་ཡའི་ལྷོ་འདབས་སུ་གནས་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཙ་རི་ཤང་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་ཡོད་ཅིང་། དེ་གར་ཆར་ཆུ་འབེལ་བ་དང་སྔོ་ལྗང་ནགས་ཚལ་སྟུག་པ། ལོ་རྒྱུས་ཐོག་དེ་གར“ཙ་རི་རི་སྐོར”གྱི་སྲོལ་རྒྱུན་བྱེད་སྒོ་ལས་སྐད་གྲགས་ཆེས་ཆེར་ཆོད། ད་ཆ། རྒྱལ་ལམ་219ཤར་གཏོང་ཐུབ་པ་དང་ཆབས་ཅིག་ས་གནས་དེ་གར་ས་མཐོའི་གདོད་མའི་སྐྱེ་ཁམས་མཛེས་ལྗོངས་ཉམས་ལེན་བྱེད་པའི་ཡུལ་སྐོར་ལམ་ཐིག་དང་དམིགས་ས་གལ་ཆེན་ཞིག་ཏུ་གྱུར་པས་ཤང་ནས་གྲོང་ཚོའི་བར་ས་གནས་དེ་གའི་མང་ཚོགས་ཀྱིས་གཉེར་སྐྱོང་བྱས་པའི་དམངས་སྲོལ་གནས་ཚང་དང་ཁྱད་ལྡན་ཚོང་ཁང་གང་སར་མཐོང་རྒྱུ་ཡོད།

    “ཨེན་དཀར”ཞེས་པ་ནི་ཙ་རི་རྒྱུད་ཀྱི་བུ་མོ་ཆུང་ཆུང་ལ་འབོད་པའི་གཅེས་མིང་ཡིན་ཞིང་། ཁོ་མོའི་མིང་ངོ་མར་བཀྲ་ཤིས་ཆོས་སྒྲོན་ཟེར། ཁོ་མོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མཐའ་མཚམས་མི་སེར་གྱི་ཕྲུ་གུ་ཡིན་པ་དང་ལོ་མཉམ་མང་པོ་དང་འདྲ་བར་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་སྦྲགས་གྲོང་ཁྱེར་དུ་ལས་ཀ་བྱེད་པའི་གོ་སྐབས་ཀྱང་རག་མོད། འོན་ཀྱང་ཕ་ཡུལ་གྱི་ཉིན་རེ་ལས་མ་འདས་པའི་འགྱུར་ལྡོག་དབང་གིས་ཁོ་མོར“རང་ཁྱིམ་གནས་སར་ལས་ཀ་བྱེད་པའི”འདུན་པ་ཇེ་ཆེར་འཕེལ།

    “གྲོང་ཁྱེར་དུ་བསྡད་དེ་གྲོང་ཁྱེར་བ་བྱེད་པ་དང་བསྡུར་ན། ཕ་ཡུལ་གྱི་རི་ཁུག་ཏུའང་རང་ཉིད་ཀྱི་ངོ་མཚར་ལྡན་པའི་འཚོ་བ་གཏོད་ཐུབ་པའི་ཡིད་ཆེས་ཡོད”རི་ཁུག་ནས་དོན་པ་ནས་རི་ཁུག་ཏུ་ལོག་པའི་ཨེན་དཀར་གྱིས་ལས་གཏོད་ཀྱི་ཐོག་མའི་བསམ་འདུན་གླེང་སྐབས། ཕུགས་བསམ་བརྟན་པོ་ཡོད། 2023ལོར་ཁོ་མོས་ལྷོ་ཁ་གྲོང་ཁྱེར་གྱི་གཞུང་ཁོངས་ཁེ་ལས་ནས་ལས་དགོངས་ཞུས་ཏེ་ཕ་ཡུལ་དུ་ལོག་ནས་ཙ་རི་མགྲོན་ཁང་གི་མགྲོན་སུའི་ཞབས་ཞུའི་ལས་གནས་སུ་ལས་ཀར་ཞུགས།

    སྐབས་དེ་དུས་མི་མི་ཉུང་བ་ཞིག་གིས“སློབ་ཆེན་སློབ་མས་ཞབས་ཞུ་མ་བྱེད་པའི”གདམ་གར་བསམ་ཤེས་མ་ཐུབ་པ་མ་ཟད། ཐ་ན་དགག་པའང་རྒྱག་གི་ཡོད། འོན་ཀྱང་རང་ཉིད་ཀྱི་ལས་གཏོད་འཆར་གཞི་གཞིར་བཟུང་སྒྲུབ་པའི་འགག་རྩའི་གོམ་སྟབས་ཤིག་ལ་བརྩི་ཡི་ཡོད།

    “དུས་རབས་གསར་པར། ཤང་གི་ཡུལ་མིར‘ཡུལ་སྐོར་གྱི་ཡོང་འབབ’རག་ཀྱང་ཆེད་ལས་ཀྱི་ཞབས་ཞུ་གཉེར་སྐྱོང་ད་དུང་རང་ཉིད་ལ་བརྟེན་དགོས་ཀྱི་འདུག”སྙམ་ནས་ཨེན་དཀར་གྱིས་སྦྱོང་འདོད་ཀྱི་བསམ་བློ་ཆེན་པོ་ཁྱེར་ནས་ཙ་རི་མགྲོན་ཁང་གི་ཞབས་ཞུའི་ལས་གནས་ཐོག་ཧུར་ཐག་འབད་ཐག་དང་ངལ་བ་དང་འཁང་ར་གཉིས་བཟོད་བྱས་ཤིང་། ཡུལ་སྐོར་བས་ཙ་རིའི་ལོ་རྒྱུས་དང་རིག་གནས་སྐོར་འདྲི་སྐབས། ཁོ་མོས་འགྲེལ་བཤད་ཞིབ་ཕྲ་རྒྱག་པ་མ་ཟད། མ་ཤེས་པ་གྲོང་ཚོའི་རྒན་རྒོན་ལ་དྲིས་ནས་ཚང་མར་ལན་འདེབས་ཀྱི་ཡོད།

    “མགྲོན་ཁང་གི་ལས་ཀ་བྱས་པས་ངས་ཡུལ་སྐོར་བ་རྒྱུས་མངའ་ལོན་པ་མ་ཟད། ཁོང་ཚོ་དང་གླེང་མོལ་བྱས་པ་ལས་ཕ་ཡུལ་གྱི་མི་ཆོས་རིག་གནས་དང་ལོ་རྒྱུས་ཤེས་རྟོགས་དང་དགའ་སྣང་ཆེ་རུ་ཕྱིན་པ་མ་ཟད། སྤྱི་སྐད་ཀྱི་ཆུ་ཚད་ཀྱང་ལེགས་སུ་ཕྱིན་སོང”ཡུལ་སྐོར་ལས་རིགས་སུ་ཞུགས་མ་ཐག་པའི་ཨེན་དཀར་ནི་གང་སྦྱངས་པ་ཤེས་མགྱོགས་པས་ལོ་གཅིག་ཀྱང་མ་འགོར་བར་ཙ་རི་མགྲོན་ཁང་གི་ལས་ཀ་བྱང་ཆུབ་པར་གྱུར། ད་ཐེངས་ཀྱི་ཉམས་མྱོང་ལས་ཕྱིས་སུ་ཁོ་མོ་དྲ་ཐོག་མིང་ཅན་དུ་འགྱུར་བར་རྨང་གཞི་བཏིང་ཡོད།

    2023ལོའི་ཟླ་8པར་ལྷོ་ཁའི་ཡུལ་སྐོར་ཁྱབ་གདལ་ཕོ་ཉ་ཝང་ཙེ་ཧའོ་རྩ་རིར་པར་ལེན་ཡུལ་སྐོར་དུ་བསྐྱོད་པ་རེད། སྣེ་ཤན་པ་ཨེན་དཀར་གྱི་ཕ་སྐར་མས་ལམ་བར་དུ་སེམས་རྩ་འཁོལ་པོས་ལྟ་རྟོག་བྱས་པས་ཐག་རིང་པེ་ཅིང་ནས་ཡོང་བའི“ཡུལ་སྐོར་པོད་བདག”ལ་ཁྱིམ་ལྟ་བུའི་དྲོ་སྐྱིད་ཚོར་བ་མ་ཟད། ཝང་ཙེ་ཧའོ་དང་ཨེན་དཀར་གཉིས་ཕན་ཚུན་གཅེན་གཅུང་ལྟར་གྱི་བརྩེ་བ་ཟབ་ཏུ་ཕྱིན་ཡོད། ཝང་ཙེ་ཧའོ་ཡིས་ཕྱིས་སུ་སྤེལ་བའི་བརྙན་ཐུང་རབ་དང་རིམ་པའི་ནང་ཙ་རིའི་ཡུལ་ལྗོངས་ཕུད། ཨེན་དཀར་དང་ཁོ་མོའི་ཕ་སྐར་མ་ཡང་སྤྱི་དམངས་ཀྱི་མིག་ལམ་དུ་ཐོག་མར་བསྟན་པ་རེད། “གཅེན་པོ་དང་ངའི་ཕ་གཉིས་ནི་ལོ་མང་འགྲོགས་འདྲིས་ཆེ་བའི་གྲོགས་པོ་རྙིང་པ་རེད་ཟེར་ན་མི་ཆོག་པ་མེད། རྗེས་སུ་ཁོང་ཆེད་མངགས་ཁྱིམ་དུ་འཚམས་འདྲིར་ཡོང་བ་དང་། ངས་ཀྱང་ཁོང་ཙ་རིའི་མཛེས་ལྗོངས་ཁུལ་མང་པོ་ཞིག་ལ་ལྟ་སྐོར་དུ་འཁྲིད་པ་ཡིན། ཁོང་གིས་ང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་བརྒྱུད་རིམ་ཤེས་རྗེས་ང་ལ་སྐུལ་ལྕག་ཆེན་པོ་བྱས་བྱུང”ཞེས་ཨེན་དཀར་གྱིས་བརྗོད།

    ཨེན་ཀར་ནི་གཟུགས་པོ་རིང་ལ་གདེང་ཚོད་ཆེ་བའི་གཞོན་ནུ་མ་ཞིག་ཡིན་པས། ཝང་ཙེ་ཧའོ་ཡིས་མཐོང་མ་ཐག་ནས་ཁོ་མོ“དྲ་ཐོག་མིང་ཅན”དུ་འགྱུར་ཐུབ་པའི་ཁྱད་ཆོས་ཤེས། “གཅེན་པོའི་རྒྱབ་སྐྱོར་འོག་རང་སྨྱན་སྦྱོར་གྱི་གྲོགས་པོ་མང་པོ་བསྒྲིགས་པ་མ་ཟད། ད་དུང་ངས་ཁྱུག་དབྱིངས་ནས་ཕ་ཡུལ་ཙ་རི་ངོ་སྤྲོད་བྱེད་པའི་བརྙན་ཐུང་ཐོག་མ་དེ་སྤེལ་བ་ཡིན། ལྟ་མཁན་ཚོའི་ཁས་ལེན་ཐོབ་པ་ལས་རང་ཉིད་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་ཨེན་དཀར་གྱིས་གསར་འགོད་པར་བརྗོད།

    ཁྱུག་དབྱིངས་ཐོག་ཨེན་དཀར་དང་ཝང་ཙེ་ཧའོ་ཡིས་བརྩམས་ཆོས་མཉམ་དུ་པར་ལེན་བྱེད་པ་ནས་འགོ་བཙུགས་ཏེ་ཕྱིས་སུ་རང་ཉིད་སྒེར་གྱི་གསར་རྩོམ་བྱེད་པའི་བར། བརྙན་ཐུང་ནང་ཁོ་མོས་མཐའ་མཚམས་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བ་དང་། ཙ་རིའི་སྲོལ་རྒྱུན་རིག་གནས། བོད་ལྷོ་རྒྱུད་ཀྱི་མཐའ་མཚམས་ཀྱི་རང་བྱུང་མཛེས་ལྗོངས་བཅས“ཐུང་ཞིང་སྤུས་ལེགས་དང་དངོས་ཡོད”ཀྱི་རྣམ་པའི་ཐོག་ནས་ལྟ་མཁན་རྣམས་ལ་ངོ་སྤྲོད་བྱས་པས་གདེང་འཇོག་བཟང་པོ་གཅིག་རྗེས་གཉིས་མཐུད་ངང་ཐོབ་པ་མ་ཟད། ལྟ་མཁན་གྱི་གྲངས་འབོར་ཡང་དེ་སྔའི་1000ནས་ཁྲི་1.5བར་འཕར་ཡོད།

    ཨེན་དཀར་དྲ་རྒྱའི་ཐོག་སྐད་གྲགས་ཆོད་པས། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ལས་གཉེར་མི་སྣ་མང་པོ་ཞིག་གིས་ཁོང་དང་མཉམ་ལས་བྱ་རྒྱུའི་རེ་བ་འདོན་གྱི་ཡོད། ཨེན་དཀར་གྱིས“སྤྱི་ཚོགས་འབྲེལ་རྒྱའི་ལས་སྟེགས་ཐོག‘ཟོག་དཔེའི་ཤེལ་སྒྲོམ’བཙུགས་ནས་ཚོང་ཟོག་བཙོངས་ཚེ་ཡོང་འབབ་མང་པོ་རག་གི་ཡོད་མོད། འོན་ཀྱང་མིག་སྔར་དེའི་ཐད་ཀྱི་འཆར་གཞི་མེད། ‘ཡུལ་སྐོར་པོད་བདག’ཞེས་པའི་མིང་དེར་མཚོན་ན་རང་ཉིད་ནི་ལས་དང་པོ་བ་ཞིག་ཡིན་སྟབས། དེ་བས་བརྙན་ཐུང་གི་ཐོག་ནས་ཕ་ཡུལ་གྱི་མཛེས་ལྗོངས་དང་མཐའ་མཚམས་ཀྱི་འཚོ་བ་དངོས་ཟིན་ཐོར་འགོད་འདོད་ཆེན་པོ་ཡོད”ཅེས་བརྗོད།

    མཚོ་དཀར་མཚོ་ནི་ཙ་རིའི་རི་སྐོར་ལམ་རྒྱུད་དུ་ཡོད་པས། དེ་གར་བསྐྱོད་ན་ལ་ཆེན་པོ་གསུམ་རྒྱག་དགོས་པ་མ་ཟད། ལོ་ལྟར་ཆར་པ་མང་པོ་བབས་པས་ལམ་མང་ཆེ་བ་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད། ཙ་རི་ཤང་ནས་མཚོ་དཀར་མཚོ་བར་ས་གནས་དེ་གའི་ཁ་ལོ་བ་རྙིང་པས་མ་གཏོགས་སྐྱོད་ཐུབ་ཀྱི་མེད། སྐྱོད་ཐེངས་གཅིག་ལ་བདལ་གླ་སྒོར་3000ལྷག་ཙམ་དགོས་ཤིང་ཆ་སྙོམས་ལ་རེར་སྒོར་1000ཟིན་གྱི་ཡོད།

    འགྲོ་ལམ་དཀའ་ཚེགས་ཆེ་བ་དང་གསང་བ་ལྐོག་འགྱུར་ཡིན་པའི་དབང་གིས་མཚོ་དཀར་མཚོ་དེ་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་ཚོས་དོ་ཁུར་དང་ཡིད་སྨོན་བྱེད་ས་ཞིག་ཏུ་གྱུར་བ་མ་ཟད། འབྲེལ་ཡོད་ནང་དོན་ཡང་ཨེན་དཀར་གྱི་ཁྱུག་དབྱིངས་བརྩམས་ཆོས་ཁྲོད་ཀྱི་དམིགས་བསལ་གྱི་བརྙན་ལམ་ཞིག་ཏུ་གྱུར་ཡོད། བརྙན་ཐུང་པར་ལེན་ཡག་པོ་ཡོང་ཆེད། ལ་རྒྱག་ཐེངས་རེར་ཨེན་དཀར་གྱིས་རྐང་ཐང་དུ་བསྐྱོད་ནས་ལམ་བར་དུ་པར་ལེན་དང་། འགྲེལ་བཤད། ལམ་ཐིག་མཉམ་སྤྱོད་བཅས་བྱེད་ཀྱི་ཡོད། ཁོ་མོས“དེ་ནི་ཆུང་དུས་ཕྱུགས་འཚོ་བར་འགྲོ་བ་ལས་དཀའ་ཚེགས་ཧ་ཅང་གིས་ཆེ་བ་འདུག”ཅེས་བརྗོད།

    ད་ཆ་ཨེན་དཀར་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་ལམ་བུ་མུ་མཐུད་རྒྱ་ཆེར་གཏོང་བཞིན་ཡོད། འདི་ལོའི་ཟླ་5པར་ཁོང་གིས་ཤང་དུ་འཁྲུད་ཁང་གཉེར་བ་དང་ནང་མིར་ཁྱིམ་ཚང་གི་ཟ་ཁང་གཉེར་རོགས་བྱས་པ་དང་དུས་མཚུངས་རང་ཉིད་ཀྱི་ཁྱད་ཆོས་ཡོད་པའི་མགྲོན་ཁང“ཙ་རིའི་འདས་དོན”རགས་ཙམ་བསྐྲུན་ཟིན་ཡོད།

    མགྲོན་ཁང་དེ་ནི་ཙ་རི་ཤང་གི་ས་ཁམས་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན“ཙ་རི་མགྲོན་ཁང”གི་རྒྱབ་ཕྱོགས་ཀྱི་གྲོང་མིའི་ཁུལ་དུ་ཡོད་པ་དང་མགྲོན་ཁང་དུ་གསང་སྤྱོད་ལོགས་དགར་ཡོད་པའི་ཁང་པ་8ཇུས་འགོད་དང་མིག་སྔར་སྒྲོམ་གཞི་གཙོ་བོ་བསླངས་ཟིན་ཡོད། “ད་ཆ་ཤང་དུ་ཁང་པ་མཛེས་བཟོ་དང་ཚོང་ཁང་གསར་པ་གཉེར་མཁན་མི་ཉུང་བ་ཞིག་ཡོད། ཚང་མས་སྤུས་ཚད་ཡག་པོ་ཡོད་ཚེ་གཞི་ནས་འགྲན་རྩོད་ཀྱི་ནུས་པ་ལྡན་པ་ཤེས་ཀྱི་ཡོད”ཅེས་ཨེན་དཀར་གྱིས་བརྗོད།

    འདི་ལོ་ནས་བཟུང་ཙ་རི་ཤང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་2.5ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཤང་ནས་ད་དུང་སྒོར་ཁྲི་1000ལྷག་ཙམ་བཏང་ནས་མང་ཚོགས་ཀྱི་སྡོད་ཁང་141སྒྱུར་བཀོད་བྱས་ཡོད། ཡུལ་སྐོར་བ་མང་བའི་དུས་སུ་ཁང་པ་སྔོན་ནས་མ་མངགས་ཚེ་རག་ཁག་པོ་ཡོད་པ་རེད།

    མཐའ་མཚམས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཨེན་དཀར་གྱི་ཁྱིམ་ཚང་ནས་ཇི་མ་ཇི་བཞིན་དུ་མངོན་བཞིན་ཡོད་པ་སྟེ།

    ཁྱིམ་ཚང་གི་མིང་སྲིང་གསུམ་པོ་སྔ་རྗེས་སུ་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་། གཅུང་མོ་ལྷ་སར་ལས་ཀ་རག་པ་དང་གཅེན་མོ་ཤང་དུ་ལས་ཀ་རག་པས་ནང་མི་ཚང་མའི་འཚོ་བ་མི་སྨོན་རང་སྐྱིད་ཅིག་ཡོད་པ་དང་། དེ་སྔ་རང་ཉིད་གཅིག་པུས་མཚོ་དཀར་མཚོ་ལྟ་སྲུང་བྱེད་མཁན་གྱི་ཕ་ལའང་ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་གྲོགས་པོ་ཧ་ཅང་མང་དུ་སོང་བ་དང་། འདི་ལོ་ཝང་ཙེ་ཧའོ་ཡི་གདན་ཞུས་ལྟར་བོད་ནས་ཐོག་མར་གྱེས་ཏེ་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེར་བསྐྱོད་ནས་རླབས་ཆེན་མེས་རྒྱལ་གྱི་འགྱུར་ལྡོག་ཉམས་སུ་མྱོང་ཡོད།

    ཨེན་དཀར་རང་ཉིད་ལའང་དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་ལས་གཏོད་ཀྱི་ཡོང་འབབ་ཡག་པོ་རག་གི་ཡོད་པ་སོགས། “མཐའ་སྲུང་བའི་འཚོ་བ་གསར་པར་ད་དུང‘དགའ་རྟགས’དེ་བས་མང་བ་ཐོབ་སྲིད”སྔ་མོའི་མཐའ་མཚམས་སུ་འཚོ་བ་གསར་པར་བརྟེན་ནས་ཨེན་དཀར་གྱིས་གདེང་ཚོད་སྔར་བས་ཆེན་པོས་གོམ་སྟབས་བརྟན་པོ་སྤོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།