ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་གཅིག་སྡུད་གན་འཇོག་མཛད་སྒོ་གཉེར་བ།
ཉེ་ཆར་ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་གཅིག་སྡུད་གན་འཇོག་མཛད་སྒོ་གཉེར་བ་རེད། ཧྭ་ནུས་ཡོན་ཝང་ཧོ་ཁྲུའུ་དང་། ཡར་ཀླུང་གཙང་པོ་རྟགས་ཅན་དང་པོ། ཡར་ཀླུང་གཙང་པོ་ཁྲུའུ་མའོ་ཚོང་དོན། ཝུའེ་ཝུའེ་དྲ་ཐོག་ཚོང་དོན་སོགས་རྣམ་གྲངས་དྲུག་གིས་ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་དང་ཚོང་འགུགས་མ་འདྲེན་གྱི་སྒྲོམ་གཞིའི་མཉམ་ལས་གྲོས་མཐུན་བཞག་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་15ཙམ་ཟིན་པ་དེ་ཐོག་ནས་རྣམ་གྲངས་གལ་ཆེན་ཁག་གཅིག་ལྷོ་ཁར་སྐྲུན་ཉེར་ཡོད་པ་མཚོན་གྱི་ཡོད།
མཛད་སྒོའི་ཐོག་ཁེ་ལས་ཀྱི་འཐུས་མིས་རང་ཁེ་ལས་ཀྱི་རིག་གནས་དང་རྗེས་ཀྱི་འཕེལ་རྒྱས་འཆར་གཞིའི་ཐད་སྤེལ་རེས་གཏམ་བཤད་བྱས་པ་དང་འབྲེལ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་ཧུར་ཐག་བྱས་ཏེ་ཁེ་ལས་དོ་དམ་གྱི་ཉམས་མྱོང་དང་། སྔོན་ཐོན་ལག་རྩལ། ཆེད་ལས་ཤེས་ལྡན་པ་བཅས་དེ་བས་མང་བ་དང་དེ་བས་ཡག་པ་ལྷོ་ཁར་དྲངས་ནས་ལྷོ་ཁའི་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་བརྗོད་པ་རེད།
ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ། ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རུ་སྣེ་ཁྲིད་མཁན་བཅས་ཡིན་པའི་ཝང་ཡུན་ཆིང་གིས། ད་ཐེངས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་དེ་ཚོང་དོན་འཁོར་རྒྱུག་ནས་སྤྲིན་རྩིས་བར་དང་དངོས་ཚན་དཔལ་འབྱོར་ནས་ཞིང་ནགས་འདེབས་འཛུགས་བར་ཚང་མ་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གལ་ཆེན་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན་ཡོད། གོམ་སྟབས་རྗེས་མར་ཚོང་དུད་ལ་སྣང་ཆེན་དང་། འབྲེལ་འདྲིས། བདེ་འགོད། འབྱོར་ཕྱུག་བཅས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། གཉིས་ཁེ་གཉིས་ཕན་དང་ཡིད་རྟོན་མཉམ་ལས་ཀྱི་རྩ་དོན་གཞིར་བཟུང་བློ་གཅིག་སེམས་གཅིག་གིས“ཚོང་ཕྲུག”ཡག་པོ་ཞིག་བྱས་ཏེ་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། སྲིད་འཛིན་གྱི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་། སྔ་ཙམ་ལས་མཇུག་འགྲིལ་ནས་སྤྱོད་འགོ་འཛུགས་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།