དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧུའུ་པེས་གཅེས་སེམས་བཅོལ་ཉར་འཛིན་གྲྭ་3000ལྷག་ཙམ་བཙུགས་པ།

    ཚོང་ལས་ཐོག་ཁང་དུ“དབྱར་གསེང་སློབ་ཁང”གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-17

    སྔ་དྲོའི་ཆུ་ཚོད་9པར་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཆུས་ཀྱི་ཚོང་ལས་ཐོག་ཁང་ནས་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་འོང་། སྒྲ་ཉན་གྱིན་སྒོ་ཕྱེ་སྐབས་རྒན་ཞུང་ཅིང་དབྱི་ལགས་ཀྱིས་སློབ་མ་20ཁྲིད་ནས་ཞོགས་པའི་དཔེ་དེབ་ཀློག་བཞིན་པ་མཐོང་བྱུང་། དེ་ནི་ཝུའུ་ཧན་གྱིས་ཚོང་ལས་ཐོག་ཁང་དུ་བཙུགས་པའི“དབྱར་གསེང་སློབ་ཁང”གི་གཅེས་སེམས་བཅོལ་ཉར་འཛིན་གྲྭ་ཐོག་མ་དེ་རེད།

    བཅོལ་ཉར་འཛིན་གྲྭའི་ཕྲུ་གུ་མང་ཆེ་བ་ཚོང་ལས་ཐོག་ཁང་འདིའི་ནང་གི་ལས་བཟོའི་བུ་ཕྲུག་ཤ་སྟག་རེད། བཅོལ་ཉར་འཛིན་གྲྭའི་བརྒྱུད་རིམ་ཧྲིལ་པོར་རིན་མི་དགོས་པ་དང་སློབ་ཁྲིད་དུས་ཚོད་སྤྱིར་ན་ལས་བཟོའི་ལས་ཀ་ཚུགས་གྲོལ་དུས་ཚོད་དང་གཅིག་མཚུངས་ཡིན་པ་རེད། ཁྱིམ་བདག་ཅང་ལིན་ཧྥུང་གིས“ང་ཚོས་ཉིན་ལྟར་སྔ་དྲོའི་ཆུ་ཚོད་9པའི་གོང་ཕྲུ་གུ་བཅོལ་ཉར་ཁང་དུ་སྐྱེལ་བ་དང་། ཉིན་དགུང་ཕྲུ་གུ་བསུས་ནས་ཟ་མ་སྟེར་རྗེས་ངལ་གསོ་རྒྱག་པ་དང་ཕྱི་དྲོ་བཅོལ་ཉར་འཛིན་གྲྭར་སྐྱེལ་གྱི་ཡོད། བཅོལ་ཉར་འཛིན་གྲྭས་ཕྲུ་གུ་ཕྱི་དྲོའི་ཆུ་ཚོད་5དང་ཕྱེད་ཀའི་བར་ཉར་བ་དང་གལ་ཏེ་ཕ་མ་ལས་ཀ་མ་ཚར་ན་དུས་ཚོད་ནར་འགྱངས་བྱེད་ཀྱི་ཡོད”ཅེས་བཤད།

    “དབྱར་གསེང་སློབ་ཁང”འདི་ནི“ཐོག་ཁང་གིས་ས་ཆ་མཁོ་འདོན་བྱེད་པ་དང་། གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། སྤྱི་ཚོགས་ཀྱིས་སྟོབས་ཤུགས་སྐྱེས་སུ་འབུལ་བ”བཅས་ཀྱི་རྣམ་པ་གཞིར་བཟུང་བཙུགས་པ་ཞིག་དང་། “འཛིན་གྲྭའི་དཀར་པང་དང་། བརྙན་འཕྲིན། བྱིས་པའི་དཔེ་དེབ་སོགས་མང་ཆེ་བ་ལས་བཟོས་རང་འགུལ་ངང་མཁོ་འདོན་བྱས་པ་རེད”ཅེས་བཅོལ་ཉར་འཛིན་གྲྭའི་འགན་འཁུར་བ་ཝུན་གཡོད་ཐན་གྱིས་བཤད།

    ཞུང་ཅིང་དབྱི་ནི་ཧུའུ་པེ་བྱིས་གསོའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་མཛེས་རྩལ་སློབ་གསོའི་ཆེད་ལས་ཀྱི་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་ཡིན་ལ། “དབྱར་གསེང་སློབ་ཁང”གི་ལས་རོགས་དགེ་རྒན་ཞིག་ཀྱང་ཡིན། ཞུང་ཅིང་དབྱི་ཕུད། “དབྱར་གསེང་སློབ་ཁང”དུ་ད་དུང་ཆེད་ལས་དགེ་རྒན་1དང་། ལས་རོགས་དགེ་རྒན་1 སྡེ་ཁུལ་གྱི་ལས་དོན་པ་1བཅས་ཡོད། བཅོལ་ཉར་འཛིན་གྲྭའི་བདེ་འཇགས་འཁོར་སྐྱོད་ལ་འགན་ལེན་བྱ་ཆེད། ལས་དོན་པ་4ཡིས་སློབ་མ་ཚང་མར་འགུལ་རྣམ་དོ་དམ་བྱེད་ཀྱི་ཡོད། “གལ་སྲིད་སློབ་མ་ཕྱི་ལ་འགྲོ་དགོས་ཚེ་ངེས་པར་དུ་ལས་དོན་པས་མཉམ་དུ་སྐྱོད་ཀྱི་ཡོད། ང་ཚོས་ད་དུང་ཁྱིམ་བདག་གི་ཁ་པར་ཨང་གྲངས་སོགས་ཀྱི་ཆ་འཕྲིན་ཐོ་འགོད་བྱས་ནས་དུས་ཐོག་ཏུ་འབྲེལ་བ་ཐུབ་པ་འགན་ལེན་བྱེད་ཀྱི་ཡོད”ཅེས་ཞུང་ཅིང་དབྱི་ཡིས་བཤད།

    སློབ་གསེང་གི་ངལ་གསོ་མཇུག་འགྲིལ་རྗེས། ཞུང་ཅིང་དབྱིས་སློབ་སྟེགས་སུ་བསྐྱོད་དེ་ཆུ་ལ་ལྷུང་རྒྱུ་སྔོན་འགོག་བྱེད་དགོས་པའི་སྐོར་གྱི་ཤེས་བྱ་འགྲེལ་བཤད་རྒྱག་སྐབས་སློབ་མ་ཚོས་ལག་པ་ཡང་སེ་བརྐྱངས་ནས་འདྲི་བ་འདོན་གྱི་ཡོད། “དེ་གའི་སློབ་མ་རྣམས་སློབ་ཆུང་མི་འདྲ་བའི་ལོ་རིམ་མི་འདྲ་བ་ནས་ཡོང་བ་ཤ་སྟག་རེད”ཝུན་གཡོད་ཐན་གྱིས་སློབ་མའི་ཧུར་སེམས་ཆེ་རུ་གཏོང་ཆེད། བཅོལ་ཉར་འཛིན་གྲྭར་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱ་དང་། གད་སྙིགས་རིགས་དབྱེ། ཡིག་གཟུགས་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག་གུང་གཞོན་སྡེ་ཚོགས་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཆུས་ཨུད་ཀྱིས་ད་དུང་ཚན་པ་མང་པོ་དང་མཉམ་འབྲེལ་བྱས་ཏེ་བཅོལ་ཉར་འཛིན་གྲྭར་ཁྱད་ལྡན་ལས་རིགས་ཉམས་ལེན་དང་ཚན་རིག་ཁྱབ་གདལ་གྱི་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    སློབ་ཁང་གི་ཟུར་ཞིག་ཏུ་ལག་ཐོགས་ཁ་པར་གཉིས་ནས་དུས་གཅིག་ཏུ་ཐད་གཏོང་བྱེད་བཞིན་ཡོད་པ་དང་། “འདི་ནི་གུང་གཞོན་སྡེ་ཚོགས་ཀྱིས་གཉེར་བའི‘དབྱར་གསེང་སློབ་ཁང་། སློབ་ཚན་མཉམ་ཁྲིད’ཀྱི་བྱེད་སྒོ་ཞིག་ཡིན་པ་དང་དེའི་ནང་བསམ་བློ་ཆབ་སྲིད་སློབ་གསོ་དང་ཚེ་སྲོག་བདེ་འཇགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སོགས་ཚུད་ཡོད”གུང་གཞོན་སྡེ་ཚོགས་ཧུའུ་པེ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཀྲི་ཐན་གྱིས་གུང་གཞོན་སྡེ་ཚོགས་ཞིང་ཆེན་ཨུ་ལྷན་གྱིས་ད་དུང་སློབ་ཁྲིད་སློབ་ཚན་གྱི་དཔྱད་གཞིའི་རྩ་གནད་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་ཏེ་བཅོལ་ཉར་འཛིན་གྲྭར་སློབ་ཚན་ཐོན་ཁུངས་ཁུག་མ་ཁག་170མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    འདི་ལོའི་ཟླ་7པ་ནས་བཟུང་། ཧུའུ་པེ་ཞིང་ཆེན་གྱིས“དབྱར་གསེང་སློབ་ཁང”གི་གཅེས་སེམས་བཅོལ་ཉར་འཛིན་གྲྭ་3000ལྷག་ཙམ་བཙུགས་པ་དང་། དང་བླངས་ཞབས་ཞུའི་ཚོགས་པ་700ལྷག་ཙམ་བསྡུས་པ། དང་བླངས་པ་ཁྲི་1.3ལྷག་ཙམ་གསོ་སྦྱོང་བྱས་རྗེས་ལས་གནས་སུ་ཞུགས་པ་དང་ལོ་ཆུང་བྱིས་པ་མི་ཐེངས་ཁྲི་10ལྷག་ཙམ་ལ་ཞབས་འདེགས་ཞུ་གི་ཡོད། “‘དབྱར་གསེང་སློབ་ཁང’གི་གཅེས་སེམས་བཅོལ་ཉར་འཛིན་གྲྭ་ནི་2024ལོའི་ཧུའུ་པེ་ཞིང་ཆེན་དམངས་འཚོའི་དོན་དངོས་རྣམ་གྲངས་སུ་བཅུག་པ་དང་ཞབས་ཞུ་བྱ་ཡུལ་གཙོ་བོ་ནི་སློབ་ཆུང་དུས་མཚམས་ཀྱི་སློབ་མ་ཡིན་པ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་། ཕྱི་ནས་ཡོང་བའི་ལས་མིའི་བུ་ཕྲུག གྲོང་ཁྱེར་གྱི་ཡོང་འབབ་དམའ་འབྲིང་གི་ཁྱིམ་ཚང་གི་བུ་ཕྲུག བཟའ་མི་གཉིས་ཀ་ལས་བཟོ་ཡིན་པའི་ཁྱིམ་ཚང་གི་བུ་ཕྲུག་སོགས་ལ་སྔོན་ལ་ཞབས་འདེགས་ཞུ་གི་ཡོད”ཅེས་ལིའུ་ཀྲི་ཐན་གྱིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།