དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་རིགས་ཀྱི་རིག་གནས། ཡིག་མཁན་གྱི་མཆོག་ནོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-17

    བོད་ཤོག་གི་ཐོན་རྫས།

    ཞོ་ལེགས་ཀྱི་བོད་ཤོག

    ཚེ་རིང་རྡོ་རྗེས་ཞོ་ལེགས་ཀྱི་བོད་ཤོག་བཟོ་བཞིན་པ།

    གླེང་གཞི།

    འདི་ནི་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པ་དང་བོད་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ཤིག་ཡིན་ཞིང་། དེ་ཡང་ཤིང་ཤུན་གྱི་ཚི་སྣ་དང་དེ་བཞིན་རེ་ལྕག་གི་རྩ་བའི་ཚི་སྣ་སོགས་རྒྱུ་ཆ་གཙོ་བོར་བྱས་ཏེ་ཤིང་ཤུན་བཤུ་བ་དང་། གཏུན་དུ་བརྡུང་བ། རླངས་བཙོས་རྒྱག་པ། ཆུ་བསིང་རྒྱག་པ། རྒྱུ་ཆ་རྡུང་འཐག འདག་བཀྲུ། བསྲོ་སྐམ་གཏོང་བ་སོགས་ཀྱི་ལྷུ་ཚིགས་བརྒྱུད་དེ་བཟོས་པའི་བོད་ཤོག་རེད། ཤོག་བུ་འདི་རིགས་མང་ཆེ་བ་སེར་པོ་ཡིན་པ་དང་། མཁྲེགས་ཤིང་མཉེན་ཆ་ལྡན་ལ་ཡང་བས་རྡབ་རྡབ་བཏང་ཚེ། ཧྲག་ཧྲག་གི་སྒྲ་གྲགས་ཀྱི་ཡོད།

    བོད་ཤོག་བཟོ་བའི་རྒྱུ་ཆ་གཙོ་བོ་ནི་རེ་ལྕག་ཡིན་ཞིང་། རེ་ལྕག་ལ་དུག་ཤེད་ཆེ་བས་བོད་ཤོག་ལོ་མང་ཉར་ཚགས་བྱས་ཀྱང་འབུ་མི་རྒྱག་པ་དང་། བྱི་བས་མི་ཟ་བ། མི་རུལ་བ། བཟོ་ལྟ་མི་འགྱུར་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། མཁྲེགས་པ་དང་རལ་སླ་པོ་མེད་ལ་ལྟེབ་གཉེར་མི་ཐེབས་པ་སོགས་ཀྱི་ཁྱད་ཆོས་ཀྱང་ལྡན་པས། བསྟན་བཅོས་དང་དཔོན་གཞུང་གི་ཡི་གེ་འབྲི་འགོད་དང་པར་འདེབས་ལ་མང་པོ་སྤྱོད་ཀྱི་ཡོད།

    ཀ བོད་ཤོག་གི་གྲུབ་ཆ་གཙོ་བོ་དང་ཁྱད་ཆོས།

    བོད་ཤོག་བཟོ་བའི་རྒྱུ་ཆ་མང་ཆེ་བ་མཚོ་བོད་ས་མཐོ་ནས་ཐོན་པ་དང་གཙོ་བོ་ཤོག་ལྡུམ་དུང་ལོ་མ་དང་། རེ་ལྕག ཟར་མ་ཤིང་། སྒྲོ་བ་ཤིང་སོགས་ཡིན། དེའི་ནང་ནས་རྒྱུ་ཆ་ཡག་ཤོས་ནི་ཤོག་ལྡུམ་དུང་ལོ་མ་རེད། ཤོག་ལྡུམ་དུང་ལོ་མའི་ཁྲོད་ནས་ས་ནག་དང་ཤུག་ཁྲོད་སོགས་རྫ་གསེབ་དང་བྲག་མེད་སར་སྐྱེས་པ་དེ་ལེགས་ཤོས་རེད། བྱེ་མ་དང་ས་དམར་གཡམ་པར་སྐྱེས་པ་དེ་རྒྱུ་སྲ་ཞིང་ཚོས་དཀའ་བ་དང་ཁ་མདོག་སེར་པོ་ཡིན་པས་ཅུང་ཞན་ཙམ་ཡོད། རྒྱུ་ཆ་འབྲིང་བ་ཨ་ག་རུའི་ཤུན་པ་རེད། རྒྱུ་ཆ་དེ་ལས་བཟོས་པའི་ཤོག་བུའི་ཁྱད་ཆོས་ནི་ཤོག་བུ་མཐུག་ཅིང་སྤུས་ཚད་ལེགས་པས་གླེགས་བམ་སོགས་འབྲི་བར་ཡག་པོ་ཡོད། རྒྱུ་ཆ་མཐའ་གྲས་ནི་རེ་ལྕག་གི་རྩ་བ་རེད། རེ་ལྕག་གི་རྩ་བར་དུག་ཡོད་པས་རྒྱུ་ཆ་དེ་ལས་བཟོས་པའི་ཤོག་བུར་འབུ་མི་རྒྱག་པའི་ཁྱད་ཆོས་ཡོད། གོང་གསལ་གྱི་རྒྱུ་ཆ་གཞན་དག་ནི་རམ་འདེགས་སམ་ཡང་སྒོས་རྒྱུ་ཆ་རེད།

    ལྷ་ས་འཇའ་ཚོན་ཆུ་མིག་ཕན་བདེ་དམིགས་བསལ་སློབ་གྲྭའི་དེ་སྔའི་སློབ་སྤྱི་བྱམས་པ་བརྩོན་འགྲུས་ཀྱིས། 《བོད་ཤོག་གི་བཟོ་རྩལ་མྱུར་སྐྱོབ་དང་འཕེལ་རྒྱས་སྐོར》ཞེས་པའི་དཔེ་དེབ་ནང་། བོད་ཤོག་ལ་གཤམ་གསལ་གྱི་ཁྱད་ཆོས་འགའ་ཡོད་པ་སྟེ། ཉར་ཚགས་བྱེད་ཡུན་རིང་ལ་འབུ་མི་རྒྱག་པ་དང་། ཕྱི་ཤོག་འབུ་དང་བྱི་བས་མི་ཟ་བ་མ་ཟད། དུས་ཡུན་རིང་པོ་སོང་ཡང་མི་རུལ་བ་དང་། ཡིག་གཟུགས་ཁམས་དྭངས་བ། ཁྱེར་བདེ་བ་དང་དཔེ་སྒྲོམ་མཐོ་པོར་བཞག་ན་ལེགས་པ། མཉེན་པ་དང་། སྣག་འཚོས་མི་ཐེབས་པ། མཁྲེགས་ལ་ངོས་འཇམ་པ། དུས་ཡུན་རིང་པོར་བལྟས་ཀྱང་མིག་ལ་མི་གནོད་པ། ཤོག་སྙིགས་ཀྱང་གཞན་ལ་སྤྱོད་ཆོག་པ། བཟོ་རྩལ་ཐོན་རྫས་བཟོ་ཆོག་པ་བཅས་ཡིན།

    ཁ ཐུན་མོང་མ་ཡིན་པའི་བོད་ཤོག་གི་བཟོ་རྩལ།

    བོད་ཤོག་བཟོ་བའི་བརྒྱུད་རིམ་འདི་འདྲ་ཡིན་ཏེ། ཐོག་མར་ཤིང་ཤུན་བཀོག་སྟེ་ཉི་མར་བསྐམས་རྗེས་ངོས་སྙོམས་པོར་བརྡར་བའམ་གྲི་ཆུང་གིས་ངོས་སྙོམས་པོ་བཟོ་བ་དང་། ཆུ་ཡི་ནང་དུ་གདུས་རྗེས་རྡོ་སྟེང་དུ་བཞག་སྟེ་དབྱུག་པས་བརྡུངས་ནས་མདོག་དཀར་པོ་བཟོ་བ་དང་། དེ་ནས་ཡང་བསྐྱར་ཆུ་ནང་དུ་གདུས་རྗེས་བསིང་ཕྱེ་བླུགས་ཏེ་སྨིན་དུ་བཅུག་སྟེ་སེང་རས་ཀྱིས་ངོས་སྙོམས་པོ་བཟོས་ནས་སྐེམ་དགོས། དེ་རྗེས་ཤོག་བུ་བརྡར་ནས་ངོས་སྙོམས་པོ་བཟོས་རྗེས་ཤོག་བུའི་སྲབ་མཐུག་དང་ཤོག་བུའི་མཉེན་ཚད་དང་འོད་མདངས་བཟོས་མཐར་རླངས་སྐེམ་གཏོང་དགོས།

    དཀོན་མཆོག་བསྟན་འཛིན་གྱིས《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》ཞེས་པའི་དཔེ་དེབ་ནང་དུ། དུང་དཀར་གྱིས་ཤོག་བུའི་ངོས་སྙོམས་པོ་བཟོས་ན་གཡའ་རྒྱག་སྲིད་པས། ངོས་སྙོམས་པོ་བཟོ་བྱེད་ཡག་ཤོས་ནི་གཟི་སེར་པོ་ཡིན་པ་དང་དེ་ལ་བརྟེན་ནས་བཟོས་པའི་ཤོག་བུའི་མདོག་ཡག་ལ་མཉེན་ཆ་ལྡན་ནའང་ཧ་ཅང་འཚོལ་དཀའ། ཡིན་ནའང་གཡག་རྭ་དང་དཀར་ཡོལ་ཡང་སྤྱོད་ཆོག་ལ་མ་ན་ཧོ་སོགས་རྩ་ཆེའི་རིན་ཆེན་གྱིས་ཀྱང་ཚབ་བྱེད་ཆོག རྒྱུ་ཆ་དེ་དག་འཇམ་ལ་མཁྲེགས་པའི་རྡོ་ལས་བཟང་བ་ཡོད་ཅེས་འཁོད་ཡོད།

    བོད་ཤོག་ནི་སྔོན་བྱོན་མེས་པོ་ཚོའི་རྣམ་དཔྱོད་ལས་བྱུང་བའི་གཅེས་ནོར་ཡིན་པས། མི་རིགས་ཀྱི་སྟོངས་ལ་ཉེ་བའི་བཟོ་རྩལ་ཐོན་རྫས་རྒྱུན་འཛིན་བྱ་རྒྱུ་ནི་བོད་རིགས་མི་རབས་རྗེས་མའི་འགན་འཁྲི་ཞིག་རེད། བོད་ཤོག་རིག་གནས་ཁྱབ་གདལ་དང་བོད་ཤོག་ཐོན་རྫས་ཁྲོམ་རར་བཏོན་ན་བོད་ཤོག་གི་རྒྱུན་ཆད་མི་སྲིད་ལ་སླར་ཡང་བཀྲག་མདངས་འཚེར་ངེས་རེད།

    བྱམས་པ་བརྩོན་འགྲུས་ཀྱིས《བོད་ཤོག་གི་བཟོ་རྩལ་མྱུར་སྐྱོབ་དང་འཕེལ་རྒྱས་སྐོར》ཞེས་པའི་དཔེ་དེབ་ནང་། སྔོན་ཆད་ཡུལ་མིང་ལ་གཞིགས་ཏེ་བོད་ཤོག་ལ་མིང་འདོགས་པ་དཔེར་ན། སྐྱེམས་ཤོག་དང་། སྟོད་ཤོག འབྲུག་ཤོག ཁམས་ཤོག སྙེ་མོའི་བོད་ཤོག་སོགས་ཚང་མ་དངོས་སུ་མཐོང་རྒྱུ་ཡོད། ཡིན་ནའང་བོད་ཤོག་མང་པོར་དེ་སྔོན་གཞུང་ཁྲལ་འཇལ་དགོས་པས་མི་མང་པོ་ཞིག་གིས་ཁྲལ་གཡོལ་ཆེད་ལས་ཀ་དེ་དོར་བས། ཤོག་བུ་བཟོ་མཁན་ཇེ་ཉུང་དུ་སོང་ཡོད། སྐྱེམས་སྟོང་གྲོང་རྡལ་ནི་བོད་ཤོག་བཟོ་ཡུལ་གཙོ་བོ་ཡིན་པ་དང་། ས་ཆ་དེ་ནས་ཐོན་པའི་ཤོག་བུ་རྩེ་གྲ་རེད། བོད་ཤོག་གི་རྒྱུ་ཆ་ནི་རྩི་ཤིང་གསར་པ་ཁོ་ན་ཡིན་པས། ལོ་གཅིག་སོང་ཟིན་པའི་རྒྱུ་ཆ་ཡིས་བཟོས་ན་ཤོག་བུ་སེར་པོར་འགྱུར་འགྲོ་བ་རེད། རྒྱུ་ཆ་ཆུའི་ནང་སྦང་སྐབས་ནག་ནོག་ཕྲ་མོ་ཡང་ཡོད་མི་རུང་བ་དང་ཐ་ན་སྤུ་རྐང་གཅིག་ཀྱང་ཡོད་མི་རུང་། ལྷག་པར་དུ་བོད་དངུལ་བཟོ་བའི་ཤོག་བུར་དང་དོད་ཆེན་པོ་ཡོད་ཅེས་འཁོད་ཡོད།

    བོད་ཤོག་བཟོ་བར་ས་གནས་མི་འདྲ་བར་སོ་སོའི་ཐུན་མོང་མ་ཡིན་པའི་བཟོ་སྟངས་ཡོད་ལ་སྤྱོད་གོའང་མི་འདྲ་བ་ཡོད། སྔར་སོང་གི་བོད་ཤོག་གི་ལོ་རྒྱུས་ཞིབ་པར་བརྗོད་པར་བལྟས་ན། ད་ཆའི་ལྷ་སའི་འཇའ་ཚོན་ཆུ་མིག་ཕན་བདེ་མི་རིགས་ལག་ཤེས་བཟོ་རྩལ་ཞིབ་སྤེལ་ལྟེ་གནས་ཀྱིས་སྲོལ་རྒྱུན་གྱི་བཟོ་རྩལ་རྨང་གཞིར་བྱས་ནས་ཤུན་སྲབ་དང་། གོས་སྲབ། དར་སྲབ་སོགས་ཀྱི་ཤོག་བུ་ཞིབ་སྤེལ་བྱས་པ་མ་ཟད། དེའི་རྨང་གཞིའི་ཐོག་ཐང་ག་དང་། ཟིན་དེབ། ཤོག་དྲིལ། རིས་ཤོག ཐུམ་ཤོག་སོགས་ཐོན་རྫས་གསར་པ་སྣ་ཚོགས་བཟོས་ཤིང་། ཐོན་རྫས་དེ་དག་ལ་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད།

    ག སྣ་ཁ་ཕུན་སུམ་ཚོགས་པའི་བོད་ཤོག་ཐོན་རྫས།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཤོག་གི་སྲོལ་རྒྱུན་ཐོན་རྫས་ལ་གཙོ་བོ་དངུལ་ལོར་དང་། ཀྲེ་ཀེ་སི། བྱ་འཕུར་སོགས་ཡོད་ཅིང་། དེ་བས་ཀྱང་ངོ་མཚར་ཆེ་བ་ཞིག་ནི་བོད་ཀྱི་བྱ་འཕུར་རེད།

    བོད་ཀྱི་བྱ་འཕུར་གྱི་མིང་གཞན་ལ“བྱ་འཕིར”དང“ཤོག་བྱ”ཡང་ཟེར། རྒྱུ་ཆ་བོད་ཤོག་སྤྱད་ནས་བཟོས་ཤིང་། དེའི་དབྱིབས་ཟུར་བཞི་མ་ཡིན་པ་དང་། གཡས་གཡོན་རིང་ལ་གོང་འོག་ཐུང་བ་ཡོད། བཟོ་སྐབས་དཀྱིལ་དེར་སྨྱུག་མ་ཕྲ་ལེབ་ཅིག་སྦྱར་ནས་གོང་འོག་འདྲོངས་པོ་ཡོང་བར་བྱེད་པ་དང་། གཡས་གཡོན་ལ་སྨྱུག་མ་ཕྲ་མོ་གུག་མ་ཞིག་བཏང་ནས་ཟུར་གཉིས་འདྲོངས་བར་བྱེད། བྱམས་པ་བརྩོན་འགྲུས་ཀྱི《བོད་ཤོག་གི་བཟོ་རྩལ་མྱུར་སྐྱོབ་དང་འཕེལ་རྒྱས་སྐོར》ཞེས་པའི་དཔེ་དེབ་ནང་། དམངས་ཁྲོད་དུ་བྱ་འཕུར་གློད་སྐབས་རྒྱུན་འཇགས་ཀྱི་སྲོལ་ཞིག་ཡོད་པ་ནི་སྙེ་རྡོག་ཆགས་ཏེ་ཞིང་ཁ་སེར་པོར་གྱུར་བའམ་ཡང་ན་བཙས་མ་བརྔས་ནས་གཡུལ་ཁར་དབོར་ཏེ་གཡུལ་ལས་གཏོང་སྐབས། གཡའ་དག་པའི་ནམ་མཁའི་དབྱིངས་སུ་གཞི་ནས་བཟོ་ལྟ་མི་འདྲ་བའི་བྱ་འཕུར་སྣ་ཚོགས་གློད་ཆོག་གི་ཡོད་ཅེས་འཁོད་ཡོད། བོད་ཀྱི་བྱ་འཕུར་ལྟ་སྣང་དུ་མཛེས་པ་དང་སྤྲོ་སྣང་འཕེལ་བ་མ་ཟད། རྩལ་འགྲན་གྱི་ནུས་པའང་ཆེན་པོ་ལྡན་པས། བོད་ཀྱི་བྱ་འཕུར་གྱི་ས་གནས་ཀྱི་ཁྱད་ཆོས་དང་དམིགས་བསལ་རང་བཞིན་གང་ལེགས་མངོན་ཡོད།

    ད་ཆ་བོད་ཤོག་གསར་སྤེལ་མང་པོ་བྱས་ནས་མི་རྣམས་ཀྱིས་ཐོན་རྫས་གསར་པ་འདྲ་མིན་སྣ་ཚོགས་བཟོས་ཡོད། བོད་ཤོག་གི་ལྒང་བཞུ་དང་། ཟིན་དེབ། ཨ་ལད་པད་ཀོག་སོགས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་བོད་ཤོག་གི་ཐོན་རྫས་མང་པོ་ཞིག་མི་རྣམས་ཀྱི་མིག་ལམ་དུ་བཤམས་ཡོད། བོད་ཤོག་གི་ལྒང་བཞུ་ནི་ཆེ་ཆུང་གཅིག་པ་ཡིན་པ་མ་ཟད། སྐས་དབྱིབས་སུ་མངོན་པའི་བོད་ཤོག་བཞི་སྐུད་པ་སྦོམ་པོས་བཙེམས་ནས་གྲུབ་ཡོད། ལྒང་བཞུའི་ཕྱི་ངོས་ནི་ལག་བྲིས་ཀྱི་ལྷ་མོའི་འབག་དང་བཀྲ་ཤིས་རྟགས་བརྒྱད་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་ཡིན་ཞིང་། སྒྲོན་མེའམ་གློག་སྒྲོན་ལ་གཡོགས་ཆོག་ལ་ཐད་ཀར་མཐོ་སར་བཀལ་ནའང་འགྲིག

    བོད་ཤོག་གི་ཟིན་དེབ་ནི་ཕྱི་ཤོག་དང་ནང་ཤོག་གཉིས་ལས་གྲུབ་ཅིང་། དེའི་ཕྱི་ཤོག་ལ་ཚོན་མདོག་རྣམ་པར་བཀྲ་བའི་བོད་ཤོག་མཐུག་པོ་ཞིག་སྦྱར་ཡོད་པ་དང་། ཕྱི་ཤོག་གི་རི་མོ་ཁག་གཅིག་ནི་ལག་བྲིས་དང་ཁག་གཅིག་ནི་ལག་རྟགས་ཐུམ་ཤོག་གི་རི་མོ་ཡིན། ནང་ཤོག་གི་བོད་ཤོག་ནི་ཤོག་དྲས་འཕྲུལ་ཆས་ཀྱིས་གཅིག་གྱུར་ཐོག་དྲས་པ་ཞིག་རེད། ཟིན་དེབ་དག་ལྟ་སྣང་མཛེས་པོ་ཡོང་ཆེད་ཁག་གཅིག་ལ་དམིགས་གསལ་གྱི་བོད་སྨྱུག་རེ་གཟེར་ཡོད། དེ་ནི་སྨྱུག་མས་བཟོས་པས་སྨྱུག་རྩེར་སྣག་ཚ་སྨོག་ནས་བྲིས་ཆོག

    བཟོས་མ་ཐག་པའི་བོད་ཤོག་ནི་བཟོ་ལྟ་མི་འདྲ་བའི་དགོས་མཁོ་ལྟར། ཇ་ལོ་དང་མེ་ཏོག་གི་འདབ་མ་གཏོར་ན་རྩི་ཤིང་གི་པར་རྗེས་གྲུབ་ནས་ཁ་མདོག་མི་འདྲ་བ་དང་འབར་འབུར་ཆགས་ཀྱི་ཡོད། དེའང་ཚོས་རྒྱག་པའི་བརྒྱུད་རིམ་ནང་། བོད་ཡིག་གི་གསལ་བྱེད་དང་སྲོག་ཆགས་དང་རྩི་ཤིང་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་བྲིས་པའི་ཤིང་པར་གྱིས་བོད་ཤོག་ངོས་སུ་དཔར་རྒྱག་ཆོག དེ་ལས་ལག་རྟགས་ཐུམ་ཤོག་གྲུབ་ཡོད།

    དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བོད་ཤོག་དང་བོད་ཤོག་གི་བཟོ་རྩལ་ཐོན་རྫས་མང་པོ་ཞིག་ལ་མི་རྣམས་ཀྱིས་རྒྱུས་ལོན་དང་དགའ་པོ་བྱེད་ཀྱི་ཡོད། ད་ཆ་བོད་ཤོག་གི་ལག་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་པ་མ་ཟད། བོད་ཤོག་ཁྲོམ་རར་བཏོན་པས་བོད་ཤོག་གི་ཁྲོམ་རའི་མདུན་ལམ་སྔར་བས་ཡངས་སུ་འགྲོ་བཞིན་ཡོད།

    ང སྣ་ཁ་ཕུན་སུམ་ཚོགས་པའི་བོད་ཤོག་ཐོན་རྫས།

    ཞོ་ལེགས་ཀྱི་བོད་ཤོག་ནི་བོད་ཀྱི་སྲོལ་རྒྱུན་གྱི་བོད་ཤོག་ཆེ་གྲས་གསུམ་གྱི་གྲས་ཤིག་རེད། སྤྱི་ལོའི་དུས་རབས་བདུན་པར་ཐོན་ནས་ད་བར་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་དེར་ཐུན་མོང་མ་ཡིན་པའི་ལག་རྩལ་རྒྱུན་འཛིན་གྱི་རིན་ཐང་ཆེན་པོ་ལྡན། དེའི་བཟོ་རྩལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བཅུག་ཡོད། སྔོན་ཆད་རང་ལྗོངས་སུ་བོད་ཤོག་ཐོན་སྐྱེད་བྱེད་ས་མི་ཉུང་བ་ཞིག་ཡོད་པ་དང་ཐོན་རྫས་ལྗོངས་ཡོངས་སུ་ཁྱབ་ཡོད། མིག་སྔར་སྙེ་མོ་རྫོང་དར་རོང་གྲོང་རྡལ་ཞོ་ལེགས་གྲོང་ཚོ་ཁོ་ནས་ལག་ཤེས་བཟོ་རྩལ་འདི་ཆ་ཚང་རྒྱུན་འཛིན་བྱས་ཡོད།

    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཞོ་ལེགས་གྲོང་ཚོའི་ཁྱིམ་ཚང་ཚང་མས་བོད་ཤོག་བཟོས་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། 1978ལོའི་རྗེས་སུ་འཕྲུལ་བཟོས་ཤོག་བུ་འབོར་ཆེན་ཐོན་པ་མ་ཟད། རིན་གོང་ཡང་དམའ་བའི་རྐྱེན་གྱིས་སྲོལ་རྒྱུན་བོད་ཤོག་གི་ཁྲོམ་རར་ཤུགས་རྐྱེན་ཕོག་ཡོད། དུས་དེ་ནས་བཟུང་སྙེ་མོའི་བོད་ཤོག་ཐོན་སྐྱེད་བྱེད་མཚམས་ཆད། 1995ལོའི་རྗེས་སུ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དང་བཀྲས་ལྷུན་དགོན་སོགས་ཚན་པར་སྙེ་མའི་བོད་ཤོག་དགོས་མཁོ་ཆེན་པོ་ཡོད་པས། ཞོ་ལེགས་གྲོང་ཚོའི་བོད་ཤོག་བཟོ་མཁན་གྱིས་སྔ་རྗེས་སུ་བོད་ཤོག་ཐོན་སྐྱེད་སླར་གསོ་བྱས། མིག་སྔར་བོད་ཤོག་ཐོན་སྐྱེད་རྒྱུན་འཁྱོངས་བྱེད་མཁན་དང་བོད་ཤོག་བཟོ་རྩལ་རྒྱུན་འཛིན་བྱེད་མཁན་ཞོ་ལེགས་གྲོང་ཚོའི་བགྲེས་སོང་ཚེ་རིང་རྡོ་རྗེ་ཁོ་ན་ལས་ལྷག་མེད།

    བགྲེས་སོང་ཚེ་རིང་རྡོ་རྗེ་དང་ཁོང་གི་བུ་གཉིས་ཀྱིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སྤྱད་དེ་བོད་ཤོག་བཟོ་གི་ཡོད་ཅིང་། ཁོང་ཚོ་ནི་སྙེ་མོའི་བོད་ཤོག་བཟོ་རྩལ་གྱི་རྒྱུན་འཛིན་པ་གསུམ་པོ་དེ་རེད། སྙེ་མོ་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་དང་རོཌ་རམ་འོག་ཚེ་རིང་རྡོ་རྗེས་རྫོང་གྲོང་དུ་བོད་ཤོག་བཟོ་བ་དང་། འགྲེམས་ཚོང་། རྒྱུན་འཛིན་བཅས་གཞི་གཅིག་ཅན་གྱི་བོད་ཤོག་ཚོང་ཁང་ཞིག་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྙེ་མོའི་ཞོ་ལེགས་བོད་ཤོག་ཀྱང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་འགྲུལ་པས་ཉོས་ནས་ཉར་ཚགས་བྱེད་ཀྱི་ཡོད་པས། བོད་ཤོག་བྲིན་ཚད་དང་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    སྙེ་མོའི་བོད་ཤོག་ནི་སྙེ་མོའི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ནང་བསགས་པའི་བློ་གྲོས་ཀྱི་སྙིང་བཅུད་ཅིག་ཡིན་ཞིང་། དེར་བཟོ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པ་མ་ཟད། དཔལ་འབྱོར་གྱི་རིན་ཐང་ཡང་ཆེན་པོ་ལྡན་པས་རྩ་ཆེའི་རིག་གནས་ཤུལ་བཞག་ཅིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།