དུས་བདེའི་ལས་དོན་ཧུར་ཐག་སྒྲུབ། བདེ་སྐྱིད་འཚོ་བ་འབད་པས་སྲུང་།
—— ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་དང་ཚོད་འཛིན་མ་ལག་དེང་རབས་ཅན་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བའི་སྐོར།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“དུས་བདེའི་ལྷ་ས་དང་། བདེ་སྐྱིད་ལྡན་པའི་ལྷ་ས”བསྐྲུན་རྒྱུ་ལས་འགན་གཙོ་བོར་བརྩིས་ཏེ“གཞི་རིམ་ལ་དམ་འཛིན་ནན་པོ་བྱེད་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ”ལས་ཀའི་སྟོན་ཕྱོགས་སུ་བྱེད་པ། དུས་བདེ་འཛུགས་གཏོད་ཀྱི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱེད་པ། བདེ་འཇགས་འཕེལ་རྒྱས་དང་། མི་དམངས་གོང་བཀུར། གསར་གཏོད་སྐུལ་སྤེལ། ཚན་རྩལ་སྣེ་ཁྲིད་བཅས་ཀྱི་དམིགས་ཚད་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། སྲིད་གཞུང་གི་འགན་ནུས་སྡེ་ཚན་དང་སྤྱི་ཚོགས་སྟོབས་ཤུགས་མཐུན་སྦྱོར་གཞོགས་འདེགས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། གནད་འཕིགས་རང་བཞིན་བཅས་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ཡོད་པ་རེད།
ཏང་འཛུགས་སྐྱོང་གི་བྱ་ཐབས་ཡག་པོ་སྤྱད་པ།
སྤྱི་པའི་བདེ་འཇགས་ནི་ཕྱོགས་གཅིག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། ལྷ་ས་གྲོང་ཁྱེར་གྱིས“དཔེ་སྟོན་གྲོང་ཁྱེར”གཏོད་པའི་སྤྱིའི་དམིགས་ཚད་དེ་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་གྲོང་ཁྱེར་རིམ་པའི་འགན་ནུས་སྡེ་ཚན་ཁག་གི་སྣེ་ཁྲིད་དེ་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་དང་ཚོད་འཛིན་མ་ལག་བསྐྲུན་རྒྱུ་ཁ་གསལ་བཟོས་པས། ཏང་སྲིད་མཉམ་འཛིན་དང་། ཚད་གཞི་མཐོ་པོས་སྤྱི་འདོམས། གྲོང་ཁྱེར་དང་རྫོང་གཞི་གཅིག མ་ལག་འཛུགས་སྐྲུན་བཅས་ཀྱི་རྣམ་པ་གསར་པ་ཆགས་པ་དང་། རིམ་རྩིས་བརྒྱབ་ན་ཆེད་དངུལ་སྒོར་དུང་ཕྱུར་1.6བཏང་སྟེ་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་དང་ཚོད་འཛིན་མ་ལག་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་བཏང་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གི་རུ་དཔོན་ཧོང་ཧོ་ཡིས། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་མངའ་ཁོངས་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་ཧུར་ཐག་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“དཔེ་མཚོན་གཏོད་འདེམས་བྱེད་པ་དང་། དཔེ་སྟོན་གྱིས་སྐུལ་ཁྲིད་བྱེད་པ”དེ་ཉེན་རྟོག་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ལ་ཐོག་མཐའ་བར་གསུམ་དུ་བརྩིས་ནས། རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”3དང་བོད་རང་སྐྱོང་ལྗོངས་རིམ་པའི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”5ལེགས་གྲུབ་ལྡན་པའི་ངང་འཛུགས་གཏོད་བྱས་པ་དང་། སྡེ་ཁུལ་གྱི་ལས་དོན་ཏན་ཏིག་སྤེལ་བ་དང་གཞི་རིམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་མི་དམངས(ལས་རོགས)ཉེན་རྟོག་པ་མི་ཐེངས་120ལྷག་ཙམ་ལ་སྔ་རྗེས་སུ་གཟེངས་བསྟོད་བྱས་ཡོད་པ་རེད།
ཞིབ་བཤེར་ཚོད་འཛིན་དྲ་བ་ཚགས་དམ་དུ་བཏང་བ།
དུས་བདེ་འཛུགས་གཏོད་ལས་དོན་གྱི“ཕྱོགས་ཡོངས་འཛུགས་གཏོད་དང་། ཆ་རྐྱེན་འཛོམས་རིམ་བཞིན་སྒོ་བྱང་འགེལ་བའི”གཏན་འཁེལ་གྱི་ལས་ཀའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“སྤྱི་འདོམས་འཆར་འགོད་དང་། ཚད་གཞི་གཅིག་གྱུར། རིམ་དབྱེ་འཛུགས་སྐྲུན། རིམ་འབྱེད་ལག་བསྟར”བཅས་ཀྱི་རྩ་དོན་ལ་ནན་པོར་གཞིགས་ཏེ། གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་མངགས་གཏོང་ཁང་དང་། སྡེ་ཁུལ་ཉེན་རྟོག་ཞབས་ཞུ་ཁང་། ཉེན་རྟོག་ཞབས་ཞུ་ས་ཚིགས། ལས་རེས་ས་ཚིགས་བཅས་ལ་བརྟེན་པ་དང་། བདེ་འཇགས་དང་། དམིགས་བསལ་ཉེན་རྟོག་པ། འགྲིམ་འགྲུལ་ཉེན་རྟོག་པ་སོགས་སྤྱི་ཚོགས་ངོས་ཀྱི་ཉེན་རྟོག་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། སྔོན་འགོག་དང་ཚོད་འཛིན་དབྱེ་འབྱེད་ཁུལ་འཛུགས་སྐྲུན་གྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ངོས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གནས་གཏན་འཁེལ་གྱི་ལས་རེས་དང་། རྒྱང་སྣེ་གསལ་འབྱེད། བདེ་འཇགས་ཞིབ་བཤེར། སྐོར་ཞིབ་འདྲི་ཞིབ། བརྙན་ལམ་སྐོར་ཞིབ་བཅས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཕྱོད་ཆེ་རུ་བཏང་ཡོད། སྣེའུ་སྤྱི་བདེ་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ཡོངས་སྟག་གདོང་ས་ཚིགས་གསར་པར་སྤོས་ནས། ངོ་རིས་ངོས་འཛིན་དང་། འཁོར་མཐིལ་བཤེར་བ། རྡུང་ཁ་འགོག་ཟོན་སོགས་ཀྱི་སྒྲིག་ཆས་བསྒར་བས། སྐར་ཆ་8ནང་ཚུར་ལན་དཔྱད་བསྡུར་ཐུབ་པ་དང་སྐར་ཆ་30ཡི་ནང་ས་ཚིགས་ཐོགས་མེད་ངང་སྒྲོལ་ཐུབ་སྟེ། རྗེས་སུ་གྲོང་ཁྱེར་ཡོངས་དང་ཐ་ན་ལྗོངས་ཡོངས་སུ་ཁྱབ་གདལ་གཏོང་བར་ཚོད་ལྟའི་ཉམས་མྱོང་མཁོ་འདོན་དང་ཇུས་གཞིའི་འདེགས་སྐྱོར་ཐུབ་ཡོད། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་སྡེ་ལས་ཁུལ་ཆུང་135ལ་རིག་ལྡན་བདེ་འཇགས་འགོག་སྲུང་མ་ལག་བསྐྲུན་ཏེ“རྩ་གཉིས་ཨང་རྟགས་བཤེར་ནས་གཉེར་རྒྱུ”ཁྱབ་གདལ་ཤུགས་ཆེན་བཏང་བ་དང་ཕྱོགས་མིར་ཞབས་ཞུ་དོ་དམ་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས། གྲོང་ཁོངས་ཁུལ་ཆུང་གི་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད།
མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་ཞིག་བྱས་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམ་པོར་བསྟུན་པ་དང་། སྡོད་གནས་ལག་ཁྱེར(གཱ)“རྩ་གཉིས་ཨང་རྟགས་བཤེར་ནས་གཉེར་བ”དང་། ཐེམ་ཐོའི་ལས་སྒོ་ཞིང་ཆེན་སྒྲོལ་ནས་གཉེར་བ། གྲོང་ཁྱེར་དང་གྲོང་རྡལ་དུ་ཚད་བཀག་མེད་པར་ཐེམ་ཐོ་གཉེར་བ་སོགས་ཀྱི་ཞབས་ཞུ་བྱ་ཐབས་གསར་གཏོད་བྱས་ནས་བཏོན་ཏེ། སྤྱི་བདེའི་ཐེམ་ཐོའི་སྐར་ཁུང་དུ“གཟའ་མཇུག་ཏུ་སྒོ་ཕྱེ་བ”དང“ཉིན་མོའི་ཞབས་ཞུའི་དུས་ཚོད་རིང་དུ་གཏོང་བ”སོགས་ཀྱི་དམངས་ཕན་སྲིད་ཇུས་བཏོན་ཡོད། ཁེ་ལས་དང་བྱ་གཞག་ཚན་པ་དང་། སྡེ་ལས་ཁུལ་ཆུང་། གྲོང་མིའི་སྒོ་ར་ཆེ་མོ། མགྲོན་ཁང་། བོགས་གཏོང་ཁང་པ་སོགས་ཀྱི་རིག་ནུས་ཅན་གྱི་འཚོལ་བསྡུ་བྱ་ཐབས་སྤྱོད་ཤུགས་སྔར་བས་ཆེ་རུ་བཏང་ནས། ལས་རིགས་ཁྱབ་ཁོངས་སུ་སྒོ་སྡོམ་མ་ལག་དང་། ངོ་རིས་ངོས་འཛིན་སྒྲིག་ཆས། སྐུ་མགྲོན་ཐོ་འགོད་སོགས་ཀྱི་མ་ལག་མང་དུ་བཏང་བས། ལྷ་སའི་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
དེ་དང་ཆབས་ཅིག ད་དུང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ངལ་གསོའི་རྐུབ་སྟེགས་བཙུགས་པ་དང་། འཐུང་ཆུའི་འཕྲུལ་ཆས་དང་། གསོ་རླུང་དབུགས་རིལ། སྨན་རྫས་བཅས་བཀོད་སྒྲིག་བྱས་ཏེ། ཆུ་ཚོད་24རིང་ཡུལ་སྐོར་བར་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད།