མཐོ་གྲང་ས་ཁུལ་གྱི་ཆུ་མཁོ་འདོན་དཀའ་བའི་གནད་དོན་ཐག་གཅོད་བྱས་པ།
ནག་ཆུས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་འཁོར་རྒྱུག་བདག་སྐྱོང་བྱེད་སྟངས་གསར་པ་བཏོད་པ།
“རྒྱལ་ཡོངས་ཀྱི་མཚོ་བོད་ས་མཐོའི་ས་ཁུལ་དུ་བཙུགས་པའི་ཆུ་མཁོ་འདོན་ཞིབ་འཇུག་གསར་སྤེལ་ཚོད་ལྟའི་རྟེན་གཞི་ཐོག་མ”དང“རྟེན་གཞིའི་རྣམ་པའི་མ་ལག་རང་བཞིན་གྱི་གྲང་ངར་ཆེ་བའི་ས་ཁུལ་ལ་ཆུ་མཁོ་འདོན་གྱི་ཞིབ་འཇུག་གསར་སྤེལ་གྱི་ཚོད་ལྟའི་ལས་དོན་ཐད་ཀྱི་རང་རྒྱལ་གྱི་སྟོང་ཆ་བསྐངས་པ”ལ་སོགས། ནག་ཆུ་གྲོང་ཁྱེར་གེ་སར་རྟ་རྒྱུག་ཐང་ཆེན་དུ་བཙུགས་པའི“མཐོ་གྲང་ས་ཁུལ་གྱི་ཆུ་འདོན་ཆུ་འབུད(ཐཱན་མེད)ཞིབ་འཇུག་གསར་སྤེལ་གྱི་ཚོད་ལྟའི་རྟེན་གཞིའི”འགྲེམས་སྟོན་ཁང་ནང་མཐོ་གྲང་ས་ཁུལ་གྱི་ཆུ་མཁོ་འདོན་དཀའ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པའི་སྒྲིག་ཆས་གསར་པ་དང་། ཞིབ་འཇུག་གསར་པ། ལག་རྩལ་གསར་པ། བྱེད་སྟངས་གསར་པ་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དེ། འགྲེམས་སྟོན་ཁུལ་གཞན་དག་གི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་ཕན་ཚུན་སྤེལ་ཟླར་གྱུར་ནས། ཉེ་བའི་ལོ་ཤས་རིང་བོད་བྱང་ཐང་གི་ས་བབ་མཐོ་བའི་འབྲོག་ལས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐུན་མོང་ཐོག་མངོན་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད། གྲོང་གསེབ་ཀྱི་ཆུ་མཁོ་འདོན་བདེ་འཇགས་དེ་དམངས་འཚོའི་བདེ་རྩར་ཐུག་པ་དང་མི་སེར་གྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་མཐའ་ཚད་ཀྱི་ལས་འགན་དུ་བརྩིས་ཏེ། གྲོང་གསེབ་ཀྱི་གཅིག་སྡུད་ཆུ་མཁོ་འདོན་ས་ཚིགས་ཁྱོན་ཁྲི་1.7ལྷག་ཙམ་བསྐྲུན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་བཏང་བ། ཕན་པ་ཐོབ་པའི་མི་འབོར་ཁྲི་200ལས་བརྒལ་ཞིང་། ཅུང་ཆ་ཚང་བའི་ལས་གྲྭའི་མ་ལག་ཅིག་གཞི་རྩའི་ཆ་ནས་བསྐྲུན་མོད། འོན་ཀྱང་ཆུ་མཁོ་འདོན་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བ་དང་མཐོ་ཞིང་གྲང་ངར་ཆེ་བ་ལས་འཁོར་རྒྱུག་བདག་སྐྱོང་ལས་དོན་ལ་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད།
ནག་ཆུ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འཁོར་རྒྱུག་དང་བདག་སྐྱོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཆེད་ལས་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་གྱི་ཕུང་གསུམ་པའི་ལག་རྩལ་ཞབས་ཞུ་ཀུང་སི་ནང་འདྲེན་བྱས་ནས། མཐོ་གྲང་ས་ཁུལ་གྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ཆེད་ལས་ཅན་དང་སྤུས་ཚད་མཐོ་བའི་འཁོར་རྒྱུག་བདག་སྐྱོང་བྱེད་སྟངས་ཤིག་བཏོད་ཡོད། མིག་སྔའི་བར་འཁོར་རྒྱུག་བདག་སྐྱོང་བྱེད་སྟངས་དེ་ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)11དུ་གྲུབ་འབྲས་ཐོབ་པའི་ངང་བེད་སྤྱོད་བྱས་ཤིང་། དེ་ཆུ་མཁོ་འདོན་ས་ཚིགས་ཆིག་ཁྲི་ལྷག་ཙམ་ལ་ཁྱབ་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་30ལྷག་ཙམ་ལ་ཕན་པ་ཐོབ་པ་མ་ཟད། ཆུ་མཁོ་འདོན་ས་ཚིགས་ཆིག་ཁྲི་ལྷག་ཙམ་གྱི་གློག་རྡུལ་ཆ་འཕྲིན་ཅན་འཛུགས་སྐྱོང་ལས་དོན་ལེགས་གྲུབ་ཀྱང་བྱུང་ཡོད།
བཅར་འདྲི་བྱེད་རིང་གསར་འགོད་པས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་རྫོང་ཁོངས་ཚན་པར་བྱས་ནས“སྲིད་གཞུང་གིས་ཞབས་ཞུ་ཉོ་བའི”བྱ་ཐབས་བརྒྱུད། རྫོང་ཁག་ཏུ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འཁོར་རྒྱུག་དང་བདག་སྐྱོང་ས་ཚིགས་བཙུགས་ཏེ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་ཚང་མར་ཁྱོན་ཡོངས་དང་། གཏིང་ཟབ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཁོར་རྒྱུག་བདག་སྐྱོང་གི་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱི་དུས་དང་རྣམ་པ་ཀུན་གྱི་འཐུང་ཆུའི་དགོས་མཁོ་བསྐངས་པ་སྟེ། གཅིག་ནས་ཁེ་ལས་ཀྱིས་ས་ཚིགས་བཙུགས་པ་དང་ཞབས་འདེགས་ཞུས་ཤིང་། འཁོར་རྒྱུག་བདག་སྐྱོང་ས་ཚིགས་ལ་ལག་རྩལ་མི་སྣ་དང་། མྱུར་བཟོའི་འཁོར་རིགས། ཉམས་གསོའི་རྒྱུ་ཆ། དེ་བཞིན་འབྲེལ་ཡོད་འཕྲུལ་ཆས་སྒྲིག་ཆས་བཅས་འདང་ངེས་བཀོད་སྒྲིག་བྱས་པའི་ཁར། གཞུང་དོན་ཁུལ་དང་། ཆ་འཕྲིན་ལྟེ་གནས། མང་ཚོགས་སྣེ་ལེན་སྐར་ཁུང་། མཛོད་ཁང་བཅས་བཙུགས་ནས་ལོ་གཅིག་ཉིན་མོ་365ལ་ས་གནས་དེ་གར་འཁོར་རྒྱུག་བདག་སྐྱོང་གི་ཞབས་འདེགས་ཞུས་པ་ལས་རྫོང་དུ་མི་མི་འདང་བ་དང་། ཆེད་ལས་རང་བཞིན་ཆེན་པོ་མེད་པ། ཧུར་བརྩོན་རང་བཞིན་ཆེན་པོ་མེད་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ལེགས་ཐུབ་ཡོད། གཉིས་ནས་དང་ལེན་མགྱོགས་མྱུར་དང་ཆེད་ལས་དང་ཕྱོགས་ཡོངས་ནས་ལས་དོན་སྤེལ་ཞིང་། རྫོང་ཡོངས་ཀྱི་ཆུ་མཁོ་འདོན་ས་ཚིགས་ཚང་མར་ཕྱོགས་ཡོངས་ནས་བརྟག་དཔྱད་མཐིལ་རྟོགས་བྱས་ཏེ། གནད་དོན་བསྡུ་རུབ་བྱེད་པ་དང་འབྲེལ་ཟུར་བཙུགས་རྩིས་ཁྲ་བཟོས་ནས་ཉམས་གསོ་བདག་སྐྱོང་དང་། མང་ཚོགས་ཀྱི་བཅར་འདྲི་དང་ལེན། སྒྲོག་འགྲེལ་གསོ་སྦྱོང་། དཀའ་གནད་དང་གནད་དོན་ལ་ཞིབ་འཇུག གསར་གཏོད་ལག་རྩལ་ཚོད་ལྟ། དཔྱད་གཞི་ལེགས་སྒྲིག་ཕྱོགས་སྒྲིག ཇུས་གཞི་ལེགས་སྒྱུར་དང་གྲོས་འགོ་འདོན་སྤྲོད་སོགས་ཀྱི་ཞབས་འདེགས་ཞུས་ཡོད། ཆུ་མཁོ་འདོན་གྱི་གནད་དོན་ཐད་ཐད་འབྲེལ་ཁ་པར་ཁྲིད་དེ་འབོད་མ་ཐག་དེ་མུར་སྐྱོད་ཐུབ་པར་བྱས་པ་མ་ཟད། ད་དུང་གནད་དོན་ཤེས་རྟོགས་བྱུང་མ་ཐག་དུས་ཐོག་ཏུ་སྟབས་བསྟུན་ཐག་གཅོད་ཐུབ་པར་བྱས་ཡོད། གསུམ་ནས་འགྲོ་གྲོན་རྩིས་རྒྱག་གི་གྲངས་འབོར་དང་རིན་གོང་དབྱེ་འབྱེད་བྱས་ཤིང་། སྔོན་ལ་ལས་ཀའི་ནང་དོན་གྱི་གསལ་ཐོ་རེ་རེའི་རིན་གོང་གཏན་འཁེལ་བྱས་པ་དང་དེ་ནས་ཉམས་གསོའི་དགོས་མཁོ་དངོས་དང་དེ་བཞིན་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་བསམ་འཆར་གཞིར་བཟུང་། ཉམས་གསོའི་བདག་སྐྱོང་ལས་དོན་མགྱོགས་མྱུར་སྤེལ་བ་དང་ཟླ་རེར་དངོས་སུ་ཐོན་པའི་ལས་འབོར་ལ་གཞིགས་ནས་བསྡོམས་རྩིས་བརྒྱབ་ཡོད།
ནག་ཆུ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འཁོར་རྒྱུག་དང་བདག་སྐྱོང་བྱེད་སྟངས་གསར་པ་བཙུགས་པ་དེ། བོད་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ཚད་ལྡན་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་ཡུན་རིང་འཁོར་རྒྱུག་ཐུབ་པར་འགན་ལེན་བྱ་རྒྱུར་ཕན་ཐོགས་ཡོད། བོད་ལྗོངས་ས་མཐོའི་ཆུ་འདོན་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲེན་ཅན་ཁྲའོ་ཡིས་མཐོ་གྲང་ས་ཁུལ་གྱི་ཆུ་འདོན་ཆུ་འབུད(ཐཱན་མེད)ཞིབ་འཇུག་གསར་སྤེལ་ཚོད་ལྟའི་རྟེན་གཞིས་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ལྟ་ཞིབ་ཚད་ལེན་དང་། འཚོལ་བསྡུ། ཚོད་ལྟའི་གྲངས་གཞི་མཉམ་སྤྱོད་བཅས་བྱེད་པ་དང་། ལག་ལེན་དང་། གསོ་སྦྱོང་། སྤེལ་རེས་སོགས་ཀྱི་བྱེད་སྒོ་ཁག་སྤེལ་ནས་ཆེད་ལས་ལག་རྩལ་ཤེས་ལྡན་པ་དེ་བས་མང་པོ་གསོ་སྐྱོང་བྱེད་པ། ཆུ་འདོན་ཆུ་འབུད་དང་ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་ཡར་ཐོན་དང་གསར་གཏོད་བེད་སྤྱོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དམངས་འཚོའི་ལག་རྩལ་གྱི་ཞན་ཆ་མུ་མཐུད་སེལ་བ་བཅས་བྱས་ནས། བོད་ཀྱི་ས་བབ་མཐོ་ཤོས་ཀྱི་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པར་ཚན་རྩལ་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།