དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་ཚོ་གཉིས་པོ་ལག་གདང་སྦྲེལ། ཆུ་བེད་འཛུཌ་སྐྲུན་རྣམ་པ་གསར།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབྱང་ཧྲོ་པི་དང་ལིའུ་ཤིན་ཝུའུ།   |     སྤེལ་དུས།  2024-08-16

    ཁྲུང་ཆིང་དང་ཁྲེང་ཏུའུ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལས་ཁྲུང་ཆིང་རུང་ཁྲང་ཆུས་ཕུའུ་ཐུའོ་གྲོང་ཚོའི་ཆུ་མཛོད་ཀྱི་ཆུ་སི་ཁྲོན་ལུང་ཁྲང་གྲོང་ཁྱེར་གྱི་སན་ཧོ་གྲོང་ཚོའི་ཞིང་ཁར་འདྲེན་ཐུབ་པ་བྱུང་ཡོད།

    ཁྲུང་ཆིང་དང་ཁྲེང་ཏུའུ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཆབས་ཅིག་2021ལོར་སི་ཁྲོན་དང་ཁྲུང་ཆིང་གིས་མཉམ་དུ“ཁྲང་གཉིས”ཀྱི་ཞིང་ལས་མཉམ་ལས་དཔེ་སྟོན་གླིང་བསྐྲུན་ཡོད། དཔེ་སྟོན་གླིང་དེའི་སྔོན་སྤེལ་ཁུལ་ནི་སན་ཧོ་གྲོང་ཚོ་དང་ཕུའུ་ཐུའོ་གྲོང་ཚོ་ཡིན་པ་རེད།

    ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཤར་རླུང་དང་བསྟུན་ནས་གྲོང་ཚོ་གཉིས་ཀྱི་ལས་བྱེད་པ་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཆུ་བེད་སྤྱོད་ཀྱི་གནད་དོན་ཐད་མཉམ་དུ་གྲོས་བསྡུར་བྱས་ཡོད།

    “ཡུར་བུ་ཞིག་གསར་དུ་བཟོས་ཏེ་རིའི་མདུན་གྱི་ལའེ་ཤིས་གཙང་པོ་ནས་ཆུ་དྲངས་ཏེ་ཆུ་མཛོད་གསབ་དགོས”ཞེས་ཐང་ཆང་གིས་ཆུ་ཁུངས་ཇི་ལྟར་འཚོལ་རྒྱུའི་སྐོར་གླེང་།

    “རྣང་མར་རྐ་ཞིག་དབྲལ་ནས་ཆུ་དྲངས་ན་ས་ཆ་གཞན་བཟུང་མི་དགོས”ཞེས་སན་ཧོ་གྲོང་ཚོའི་དེ་སྔའི་ཀྲི་པུའུ་ཧྲུའུ་ཅི་ཝང་ཏུང་གིས་ས་ཇི་ལྟར་གྲོན་ཆུང་བྱེད་པའི་སྐོར་གླེང་།

    མི་རེ་ངོ་རེས་གྲོས་འགོ་རེ་བཏོན་པས་ཆུ་བེད་སྤྱོད་ཐད་རིམ་བཞིན་གྲོས་མཐུན་བྱུང་ཡོད།

    དཔེ་སྟོན་གླིང་དུ་ཐོན་ལས་ཀྱི་རྩ་བ་ཚུགས་པ་དང་མ་དངུལ་གྲོང་ཚོར་དོན་འཁྱོལ་ཐུབ་ཡོད། ཆུ་ཡུར་ཤར་གཏོང་ཐུབ་ནས་ཆུ་མཛོད་ཁེངས་ཏེ་ཆུ་སན་ཧོ་གྲོང་ཚོར་འདྲེན་ཐུབ་པ་བྱུང་ཡང་གནད་དོན་གསར་པ་ཞིག་འཕྲད་ཡོད།

    “ཆུ་འབྲས་འདེབས་པར་སྔ་སྣུར་དུ་ཟླ་གཅིག་གོང་ལུད་གཏོར་དགོས་པས། ཆུ་འདི་ལྟར་རྒྱུག་ན་ལུད་འཁྱེར་འགྲོ་གི་རེད”ཅེས་ཆུ་བོའི་སྟོད་རྒྱུད་དུ་སྡོད་མཁན་ལན་ཡུན་ཞ་ཡིས་རང་ཉིད་ཀྱི་སེམས་ཁྲལ་བཤད།

    ཝང་ཏུང་གིས“ང་ཚོས་མཉམ་དུ་ཆུ་བེད་སྤྱོད་བྱས་ནས་གྲོང་པ་ཁྱིམ་མཚེས་ལ་གྱོང་གུན་མི་ཕོག་པ་བྱེད་དགོས”ཞེས་བཤད།

    ཐང་ཆང་གིས“ཞིང་ཆུ་ལེབ་གཏོང་བྱེད་མི་རུང་ན་ང་ཚོས་སིམ་ཆུ་གཏོང་དགོས”ཞེས་ཐབས་ཇུས་བཏོན།

    འདི་ལོའི་ཟླ་4པར་གྲོང་ཚོ་གཉིས་ཀྱི་ཐུན་མོང་རྒྱབ་སྐྱོར་འོག་ལན་ཡུན་ཞ་ཡིས་གྲོང་ཚོ་གཉིས་ཀྱི་ས་ཆ་ཡུག་གཅིག་བརྒྱུད་བཤུག་བཏང་བ་དང་ཞིང་ལས་དངུལ་བུན་གཡར་ཏེ་ཞིང་ཁར“ཆུ་ཀ་ལ”དྲངས་ཞིང་། “ཆུ་འདྲེན་མདོང་དྲ་ས་འོག་ཏུ་སྦས་ནས་གང་དུ་ཆུ་དགོས་ཚེ་དེ་གའི་ཆུ་སྒོ་འབྱེད་ཆོག”ཆུ་ས་འོག་ནས་རྒྱུག་པས་ལུད་འཁྱེར་མི་འགྲོ་བས་རང་ཁྱིམ་གྱི་ལུད་རང་ཁྱིམ་གྱི་ཞིང་ཁར་རྒྱག་ཐུབ།

    ད་ཆ་དཔེ་སྟོན་གླིང་གི་སྔོན་སྤེལ་ཁུལ་དུ་སྐྱོད་སྐབས་མུའུ་སྟོང་ལྷག་ཙམ་གྱི་ཞིང་འགྲམ་དུ་ཆུ་སྒོ་བརྒྱ་ཕྲག་བསྒར་ནས་རྣམ་པ་གསར་པ་ཞིག་མཐོང་ཐུབ། ཆུ་སྒོ་སྔོན་པོ་དག་རྣང་མར་འཁྲིད་ནས་ཞིང་ཁའི་ཡུལ་ལྗོངས་ལ་རྣམ་པ་གསར་རྐྱང་ཞིག་སྦྱིན་ཡོད།

    ཆུ་བེད་སྤྱོད་གཏོང་བ་ཁོ་ན་ཙམ་མ་ཡིན་པར་ཕྱོགས་མང་པོར་འགྱུར་ལྡོག་བྱུང་ཡོད།

    ཕྱོགས་གཉིས་ལ་འཁོར་ལམ་6དང་སྤྱིའི་རིང་ཚད་ལ་སྤྱི་ལེ་35.8ཡོད་པའི“ཁྲང་གཉིས”ཀྱི་ལམ་ཆེན་ཤར་གཏོང་ཐུབ་ནས་ཟོག་འགྲེམས་ལས་ཕྱོད་དེ་བས་ཆེ་རུ་ཕྱིན་ཡོད། ཐོན་ལས་འཁོར་འབྲེལ་སྦྲེལ་མཐུད་ཐུབ་ནས“ཁྲང་གཉིས”ཀྱི་མུའུ་ཁྲི་40ཡོད་པའི“ཆུ་འབྲས་དང་ཉ་རིགས་མཉམ་དུ་གསོ་སྤེལ”གྱི་ཕྱོགས་བསྡུས་འདེབས་གསོའི་ཐོན་ལས་ཁུལ་མཉམ་སྐྲུན་བྱས་པ་མ་ཟད། ཆུ་འབྲས་དང་ཤ་སྨི་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་གྲོང་ཁྱེར་གྱི་ཚོང་ཁང་ཁག་ཏུ་བཙོངས་ཏེ་གྲོང་མིའི་ཡོང་འབབ་འཕར་ཡོད།

    “ཁྲང་གཉིས”ཀྱི་ཞིང་ལས་མཉམ་ལས་དཔེ་སྟོན་གླིང་དུ་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་དཔེ་སྟོན་གླིང་མ་བཙུགས་གོང་གི་སྒོར་ཁྲི་1ལྷག་ཙམ་ནས་ན་ནིང་གི་སྒོར་ཁྲི་2.6བར་འཕར་ཡོད། “འདི་ལོ་སྔོན་དཔག་བྱས་ན་སྒོར་ཁྲི་3ཟིན་རྒྱུ་རེད”ཅེས་ཐང་ཆང་གིས་བཤད།

    རྒྱང་རིང་དུ་ལྟ་སྐབས་ཆུ་ཡུར་ནང་གི་ཆུ་དྭངས་ཤིང་གཙང་ལ་ཆུ་འབྲས་སྐྱེ་འཚར་ལེགས་པས་མཛེས་སྡུག་ལྡན་པའི་རི་མོ་ཞིག་ལྟར་སྣང་། སི་ཁྲོན་དང་ཁྲུང་ཆིང་སྦྲེལ་མཚམས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གཏམ་རྒྱུད་མུ་མཐུད་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།