དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་རྫོང་དང་ཆུས་ཡོངས་སུ་ཁྱབ་པ་དང་ཚན་རྩལ་ཆེད་མངགས་པ་ཤང་གྲོང་ཡོངས་སུ་ཁྱབ་པ།

    ཉིང་ཞས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་གི་ཞབས་ཞུའི་ཕན་ནུས་ཆེ་རུ་ཧུར་ཐག་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཞུས་ཡོན་ཧྥུང་། ཀྲང་ཝུན།   |     སྤེལ་དུས།  2024-08-16

    ལྗང་གསོ་ལྗང་བཙུགས་མ་བྱས་ཀྱང་ཐོན་མཐོའི་ཆུ་འབྲས་འདེབས་ཐུབ་བམ། ཐེ་ཚོམ་དང་སྦྲགས་ནས་སོ་ནམ་ལས་ལ་བྱང་གོམས་ཆེ་བའི་ཝང་ཅན་ཝུའེ་གསོ་སྦྱོང་འཛིན་གྲྭར་ཞུགས། ཉིན་གསུམ་གྱི་རྗེས་སུ་ཁོང་གིས་ཐེ་ཚོམ་སྤུ་ཙམ་མེད་པར་མི་འཕྲད་ཚད་ལ“སྐམ་ཞིང་དུ་ཆུ་འབྲས་ཀྱི་ས་བོན་ཐད་གཏོར་ལག་རྩལ་སྤྱད་ཚེ། ཆུ་དང་ནུས་ཤུགས་གྲོན་ཆུང་ཐུབ་པ་མ་ཟད་ཐོན་འབབ་ཀྱང་འཕར་གྱི་འདུག”ཅེས་ཤོད་ཀྱི་ཡོད།

    ཝང་ཅན་ཝུའེ་ནི་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིང་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་ལི་ཀང་གྲོང་རྡལ་ཤིན་ཧྥུའུ་གྲོང་ཚོ་ནས་ཡིན་པ་དང་། གསོ་སྦྱོང་འཛིན་གྲྭ་དེ་ནི་ལི་ཀང་གྲོང་རྡལ་གྱིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་རྣམ་པའི་ཐོག་ནས་ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཤིག་ལ་མངགས་བཅོལ་བྱས་ནས་གཉེར་བ་རེད། ཉིང་ཞར་ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་རྫོང་དང་ཆུས་ཡོངས་སུ་ཁྱབ་ཅིང་། ཞབས་ཞུའི་ས་ཚིགས་དེ་དག་གི་ལག་རྩལ་སྟོབས་ཤུགས་ཅུང་ཆེ་བ་དང་། ཞིང་ལས་ཚན་རྩལ་ཆ་འཕྲིན་ཐད་ལ་ཚོར་བ་སྐྱེན་པ། ཞིབ་འཇུག་གསར་སྤེལ་དང་གསར་གཏོད་ཀྱི་ནུས་པ་ངེས་ཅན་ལྡན་པས། ཞིང་ལས་ཀྱི་སོན་གསར་པ་དང་ལག་རྩལ་གསར་པ་འབོར་ཆེན་གྲོང་ཚོ་དང་དུད་ཚང་དུ་ཁྱབ་སྤེལ་ལ་སྐུལ་འདེད་ཐུབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་ཅན་གྱི་ཞིང་ལས་ཚན་རྩལ་ཞབས་ཞུའི་རྩ་འཛུགས་སྣ་ཚོགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་བཏང་སྟེ། ཁྲོམ་ར་ཅན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས་ནས། གྲོང་ཚོ་དང་དུད་ཚང་དུ་ཚན་རྩལ་ཁྱབ་གདལ་གྱི‘མཐའ་མའི་འགག་གནད’སེལ་དགོས”ཞེས་ནན་བཤད་གནང་མྱོང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཉིང་ཞས་ཞིང་ལས་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྣ་མང་ཅན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་མ་ལག་སྐྲུན་པ། ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་མགྱོགས་པོ་བཅས་བྱས་ནས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་གི་ཞབས་ཞུའི་ཕན་ནུས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད།

    དམིགས་བསལ་གདན་ཞུའི་ཞིང་ལས་ལག་རྩལ་པའི་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བའི་ཐད། ཉིང་ཞས“ཡུལ་མི་འཇོན་ཐང་ཅན”དང་།“ཞིང་ལས་ཤེས་ཡོན་ཅན” གཉེར་སྐྱོང་བྱེད་པོའི་ལག་རྩལ་རྐང་འཛིན་གསར་པ་སོགས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་སྟོབས་ཤུགས་གཙོ་བོའི་ཁྲོད་བསྡུ་ལེན་བྱས་པ་རེད། ལི་ཅན་ཅུན་ནི་ལིང་ཝུའུ་གྲོང་ཁྱེར་གྱི་ཞིང་ལས་ཚན་རྩལ་ཀུང་སི་ཞིག་གི་འགན་འཁུར་བ་རེད་ལ་ས་གནས་དེ་གའི་ཚན་རྩལ་ཆེད་མངགས་པའང་རེད། 2023ལོར་ཁོང་གིས་སྤུས་ལེགས་ལྗང་སོན་དང་ལག་རྩལ་རིན་མི་དགོས་པར་མཁོ་འདོན་བྱས་པ་དང་དུས་མཚུངས་ཚོང་འགན་གཙང་ལེན་ཡང་བྱས་ཏེ། ཤིང་འབྲས་འདེབས་མཁན་ཞིང་དུད་དང་སྔོ་ཚལ་འདེབས་མཁན་ཞིང་དུད་2000ཙམ་ལ་འབབ་འཕར་སྒོར་ཁྲི་2ཙམ་ཡོང་རོགས་བྱས་ལ། རང་ཉིད་ཀྱི་ཀུང་སིར་ཡང་ཁེ་སྤོགས་སྒོར་ཁྲི་30ཙམ་བྱུང་ཡོད།

    ཞིང་ལས་ཚན་རྩལ་བྱ་གཞག་གསར་གཏོད་བྱེད་མཁན་དང་འདེབས་འཛུགས་དུད་ཚང་ཆེ་གྲས་སོགས་ལག་རྩལ་མཁས་པ་དང་གྲོང་མིའི་བར་ལ་ཁེ་ཕན་འབྲེལ་མཐུད་དང་ཐུན་མོང་འཕེལ་རྒྱས་ཀྱི་འབྲེལ་བ་ཆགས་རྒྱུར་སྐུལ་མ་བཏང་བ་དང་། ཕུལ་བྱུང་ལག་རྩལ་མཁས་པ་བདམས་ནས་ཚན་རྩལ་ཆེད་མངགས་པར་བསྒྱུར་པ་དང་འབྲེལ་ལས་གཏོད་ཀྱི་ཁ་གསབ་མཐོ་ཤོས་ལ་སྒོར་ཁྲི་20སྤྲད་ཡོད། ཉིང་ཞས་མུ་མཐུད་ལག་ལེན་དང་འཚོལ་ཞིབ་བྱས་ནས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་དཔུང་ཁག་སྟོབས་ཆེར་བཏང་ཡོད། ཉིང་ཞའི་ཚན་རྩལ་ཆེད་མངགས་པའི་ལས་གཏོད་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་དབྱང་ཡུང་ཅུན་གྱིས“ཉིང་ཞའི་ཚན་རྩལ་ཆེད་མངགས་པའི་གྲངས་འབོར་ཐོག་མའི་མི་150ནས་ད་ཆ་མི་4000ལྷག་ཙམ་བར་མང་དུ་སོང་ནས་ཤང་དང་གྲོང་རྡལ་ཡོངས་སུ་ཁྱབ་པ་མ་ཟད། ལོ་ལྟར་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་200ལྷག་ཙམ་དང་ཞིང་པ་གསོ་སྐྱོང་བྱེད་ཚད་མི་ཐེངས་ཁྲི་12ལྷག་ཙམ་ཟིན་གྱི་འདུག”ཅེས་བཤད།

    ཀྲུང་གོ་རྫས་འགྱུར་ཞིང་ལས་ཀུང་སིའི་ཧོ་ལན་ལག་རྩལ་ལྟེ་གནས་སུ་སྐྱོད་སྐབས་ཚོད་ལྟ་ཁང་དང་། ཞིང་ལས་འཕྲུལ་ཆས་སྒྲིག་སྦྱོར་འཁོར་ཁང་། ལྗང་གསོ་ཁང་སོགས་ཆ་ཚང་བ་དང་། དེ་གར་ཚན་ཞིབ་པ་10ལྷག་ཙམ་ཡོད་པ་མ་ཟད། དུས་ཡུན་རིང་པོར་རིགས་གཅིག་མཁས་ཅན་དང་མཁས་དབང་ལག་རྩལ་ལ་མཛུབ་ཁྲིད་བྱེད་པར་གདན་དྲངས་ཡོད།

    ཉེ་བའི་ལོ་གསུམ་རིང་ཉིང་ཞའི་རིམ་ཁག་ནོར་སྲིད་ཀྱིས་ལོ་ལྟར་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ཉོ་སྒྲུབ་བྱས་པ་དང་ཁ་གསབ་སྤྲད་པའི་མ་དངུལ་སྒོར་དུང་ཕྱུར་6ལས་བརྒལ་ཡོད། ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ལ་ཆ་བཞག་ན། དེའི་གྲངས་འབོར་2021ལོའི་ལོ་མཇུག་གི་42ནས་མིག་སྔའི་66བར་མང་དུ་ཕྱིན་ཡོད་ལ། ཞུགས་མཁན་ཞིང་ལས་ལག་རྩལ་ཁྱབ་གདལ་རྣམ་གྲངས་ཀྱང་2021ལོའི་རྣམ་གྲངས་30ལྷག་ཙམ་ནས་ན་ནིང་གི་རྣམ་གྲངས་70ལྷག་ཙམ་བར་མང་དུ་ཕྱིན་ཡོད།

    ཚན་རྩལ་ཆེད་མངགས་པ་ནས་ཞིང་ལས་ཚན་རྩལ་སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བར་དང་སྲིད་ཇུས་རང་བཞིན་གྱི་ཁྱབ་གདལ་ནས་ཁྲོམ་ར་ཅན་གྱི་ཞབས་ཞུའི་བར་ལ། ཉིང་ཞའི་ཞིང་ལས་ཚན་རྩལ་ཁྱབ་གདལ་ལས་དོན་ལ་བྱེད་པོ་སྣ་མང་དང་རིམ་པ་སྣ་ཚོགས་པའི་འཁྲུག་ཆ་དོད་པའི་རྣམ་པ་མངོན་ཡོད། 2023ལོའི་ལོ་མཇུག་ཏུ་ཉིང་ཞའི་ཞིང་ལས་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་60.7%ཟིན་པ་དང་གཙོ་སྤེལ་ལག་རྩལ་ཁྱབ་སྤེལ་གཏོང་ཚད་95%ཡན་ཟིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།