ཀྲེ་ཅང་གིས་ནག་ཆུར་ཁ་གཏད་རོགས་སྐྱོར་བྱས་པ།
བྱང་ཐང་ས་གཞི་ཆེན་པོར་མཉམ་དུ་ངོ་མཚར་བཏོད།
སློབ་གཉེར་གྱི་རྨང་གཞི་ལེགས་པོ་བཏིང་བ།
2004ལོར་ཀྲེ་ཅང་གི་བོད་སྐྱོར་གཙོ་གནད་རྣམ་གྲངས་ཡིན་པའི་ལྗོངས་ནང་ཁུལ་གྱི་ས་ཆ་གཞན་དུ་སློབ་གཉེར་བྱེད་པའི་ལྗོངས་ཡོངས་ཀྱི་སློབ་གྲྭ་དང་པོ་སྟེ། ལྷ་ནག་མཐོ་རིམ་སློབ་འབྲིང་དང་པོ་ལྷ་སར་བཙུགས་པ་རེད། ཐོག་མར་སློབ་གྲྭ་འཛུགས་སྐབས་ཀྲེ་ཅང་གིས་བོད་སྐྱོར་དགེ་རྒན་8སློབ་གསོའི་རོགས་སྐྱོར་བྱེད་པར་འདེམས་མངགས་བྱས་ཡོད། ལོ་20ཡི་རིང་ཀྲེ་ཅང་གིས་བོད་སྐྱོར་དགེ་རྒན་ཁྱོན་མི་ཐེངས་183ལྷ་ནག་མཐོ་རིམ་སློབ་འབྲིང་དང་པོར་མངགས་ནས་ཀྲེ་ཅང་གི་དགེ་རྒན་དང་། ཉམས་མྱོང་། བློ་གྲོས། ཚད་གཞི་བཅས་བོད་དུ་འཁྱེར་ཡོང་བ་མ་ཟད། ས་གནས་དེ་གའི་ཁྱད་ཆོས་དང་མཉམ་འདྲེས་བྱས་ཏེ་ཀྲེ་ཅང་གི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་གྱི་ནུས་པ་གང་ལེགས་བཏོན་ནས། བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
ཀྲེ་ཅང་གིས་རོགས་སྐྲུན་བྱས་པའི་སྤུས་ཚད་མཐོ་བའི་དྲ་རྒྱའི་སྒྲིག་བཀོད་བསྐྲུན་པ་དང་བསྟུན་ནས། “དྲ་ཐོག་མཉམ་སྦྱོང”གི་རྣམ་པ་ཀྲེ་ཅང་དང་ནག་ཆུ་ས་གནས་གཉིས་སུ་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད། དེའི་ཁྲོད་2020ལོའི་ཟླ་9པར་ཧང་ཀྲོའུ་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པས་ཀྲེ་ཅང་ཧའེ་ལེང་སློབ་གསོ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། བོད་ཀྱི་རྫོང(ཆུས)རིམ་པའི་ལྗོངས་ཕྱིའི་བོད་སྐྱོར་འཛིན་གྲྭ་ཐོག་མ་སྟེ། ཧའེ་ལེང་བོད་སྐྱོར་འཛིན་གྲྭ་བཙུགས་པ་དང་དུས་མཚུངས། བོད་སྐྱོར་ལས་དོན་ཚོགས་ཆུང་གིས་རྒྱང་ཁྲིད་སློབ་གསོ་སྤྱད་དེ་གསེར་རྙེད་ཆུས་སློབ་འབྲིང་གཉིས་པར(ཧང་ཅཱ)“དགེ་རྒན་གཉིས་ཀྱི་སློབ་ཁང”བསྐྲུན་ནས་ཧའེ་ལེང་བོད་སྐྱོར་འཛིན་གྲྭའི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་རྒྱང་ཁྲིད་མཉམ་སྤྱོད་ཐུབ་ཡོད།
མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ།
2012ལོའི་ཟླ་9པར། “ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གཉིས་པའི(གཤམ་དུ་ཀྲེ་ཅང་སློབ་ཆེན་སྨན་ཁང་གཉིས་པ་ཞེས་བསྡུ་རྒྱུ)ནག་ཆུའི་གྲགས་ཅན་སྨན་པའི་དངོས་མཐོང་རྒྱང་བསྟེན་ནད་དཔྱད་ལྟེ་གནས”དངོས་སུ་བཙུགས་ནས། ས་གནས་དེ་གའི་ནད་པ་ནག་ཆུ་ནས་ཐོན་མི་དགོས་པར་ཀྲེ་ཅང་ཞིང་ཆེན་གྱི་སྔོན་ཐོན་སྨན་དོན་སྨན་བཅོས་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད། 2024ལོའི་ཟླ་6པར་ཀྲེ་ཅང་སློབ་ཆེན་སྨན་ཁང་གཉིས་པའི་དྲ་སྦྲེལ་སྨན་ཁང་ནག་ཆུ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་ཡན་ལག་ཁང་གི་སྒོ་བྱང་བཀལ་བ་ལས་བར་ཐག་སྤྱི་ལེ་4000ཙམ་ཆོད་པའི་ཀྲེ་ཅང་སློབ་ཆེན་སྨན་ཁང་གཉིས་པ་དང་ནག་ཆུ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་གཉིས་དྲ་ཐོག་ནས་འབྲེལ་མཐུད་དམ་ཟབ་ཐུབ་ཡོད།
ཀྲེ་ཅང་སློབ་ཆེན་སྨན་ཁང་གཉིས་པའི་དྲ་སྦྲེལ་སྨན་ཁང་གི“དྲ་ཐོག་ནད་དཔྱད་ཁང”དང“ས་ཁོངས་བརྙན་པར”ལས་སྟེགས་བརྒྱུད། ནག་ཆུའི་ས་གནས་དེ་གའི་ནད་པས་ཀྲེ་ཅང་སློབ་ཆེན་སྨན་ཁང་གཉིས་པའི་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་དང་རིགས་གཅིག་མཁས་ཅན་སྒོ་བསྟེན་སྨན་ཁང་གི་ངོ་ཐུག་གདོང་འཕྲད་ཀྱི་ནད་བརྟག་རྣམ་པ་ནས་དྲ་སྦྲེལ་ནད་བརྟག་བར་སྣུར་སྲིང་ཐུབ་སྟེ། མཉམ་ལས་མཉམ་སྤྱོད་ཀྱི་དྲ་སྦྲེལ་སྨན་བཅོས་ཀྱི་སྐྱེ་ཁམས་འཁོར་རྒྱ་བསྐྲུན་ནས་ས་ཁོངས་སྨན་བཅོས་དོ་སྙོམས་མེད་པའི་རྣམ་པ་ལེགས་སུ་གཏོང་རོགས་བྱས་ཡོད།
ལོ་30ཡི་རིང་ཀྲེ་ཅང་སྨན་བཅོས་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཁ་གཏད་རོགས་སྐྱོར་དང་། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར། སྟབས་བསྟུན་རོགས་སྐྱོར་སོགས་ཀྱི་བྱ་ཐབས་སྤྱད་དེ་ནག་ཆུ་གྲོང་ཁྱེར་གྱི་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད་ལེགས་སུ་དང་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ཡོད། 2010ལོ་ནས་ད་བར་སྨན་བཅོས་བོད་སྐྱོར་མ་དངུལ་བསྡོམས་སྒོར་དུང་ཕྱུར་3.7བཏང་ནས་སྨན་བཅོས་རོགས་སྐྱོར་རྣམ་གྲངས་ཁག་42ལག་བསྟར་བྱས་པ་དང་སྨན་བཅོས་སྒྲིག་ཆས་ཆེ་གྲས་20ལྷག་ཙམ་ཞལ་འདེབས་ཕུལ་བར་སྨན་བཅོས་བོད་སྐྱོར་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ།
ཀྲེ་ཅང་དུ་ལས་ཞུགས་བྱས་པའི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཀྲེ་ཅང་དུ་གནས་གང་ཐུབ་བྱེད་ཆེད། ཀྲེ་ཅང་གི་བོད་སྐྱོར་ལས་བྱེད་པས“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བྱེད་སྟངས་གསར་གཏོད་ལ་སྐུལ་འདེད་བཏང་ནས། “ཀྲེ་ཅང་དུ་བཅའ་སྡོད་ནག་ཆུ་གྲོང་ཁྱེར་གྱི་ལས་ཞུགས་ཞབས་ཞུའི་འབྲེལ་གཏུག་ས་ཚིགས”བཙུགས་ཏེ་ཐེམ་ཁུངས་ནག་ཆུ་ནས་ཡིན་པ་ཀྲེ་ཅང་དུ་ལས་ཞུགས་བྱེད་པར་གཏོང་བ་དང་འབྲེལ་རྗེས་སྙེག་ཞབས་འདེགས་ཡག་པོ་ཞུས་ཡོད། 2023ལོར་ཁག་དང་པོར“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བོད་སྐྱོར་རྟེན་གཞི་4བཙུགས་ནས“ཚོགས་སྒྲིག་རྣམ་པའི”ལས་བསྡུ་དང་། “མཚམས་སྦྱོར་རྣམ་པའི”སྙོམ་སྒྲིག “གཉེར་པའི་རྣམ་པའི”ཞབས་ཞུ་བཅས་ལ་བརྟེན་ནས་ཆེད་དོན་ལས་གནས་200གསར་སྤེལ་བྱས་ཏེ་ཐེམ་ཁུངས་བོད་ལྗོངས་ནག་ཆུ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཆེད་མངགས་བསྡུ་གི་ཡོད། མིག་སྔའི་བར་ཀྲེ་ཅང་དུ་ལས་ཞུགས་བྱེད་མཁན་ཐེམ་ཁུངས་བོད་ནས་ཡིན་མཁན་2842དང་ནག་ཆུ་ནས་ཡིན་མཁན་638ཡོད་པ་རེད།
བོད་ལྗོངས་ཁྲང་རུང་ནགས་ཤོད་གོས་བཟོ་ཚད་ཡོད་ཀུང་སི་ནི་ཉིང་པོ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པས་ནང་འདྲེན་བྱས་པའི་འབྲི་རུ་རྫོང་གི་དངོས་ཚན་ཐོན་ལས་བཟོ་སྐྲུན་རྣམ་གྲངས་ཐོག་མ་དེ་ཡིན་ཞིང་། 2019ལོར་བཙུགས་པ་ནས་བཟུང་ལོ་ལྟར་རིན་པ་མི་དགོས་པར་ས་གནས་དེ་གའི་ལས་རིགས་སློབ་གྲྭའི་སློབ་མ་དང་ཞིང་འབྲོག་པར་གསོ་སྦྱོང་བྱེད་པ་དང་རིམ་རྩིས་བྱས་ན་ས་གནས་དེ་གའི་མང་ཚོགས་162བསྡུས་ཡོད་པ་རེད།