དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་ཆེ་ཆུང་ལ་མ་བལྟོས་པར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་མཛའ་གྲོགས་མཉམ་ལས་ཀྱི་དཔེ་མཚོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲོའུ་ཅན།   |     སྤེལ་དུས།  2024-08-16

    ཧྥི་ཅི་ནི་ཞི་བདེ་རྒྱ་མཚོ་ཆེན་པོའི་ལྷོ་ནུབ་ཀྱི་ལྟེ་བར་གནས་པ་དང་། དེར་ཐོན་ཁུངས་ཀྱི་ལེགས་ཆ་ཕུན་སུམ་ཚོགས་ཤིང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཧྥི་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་འགན་ཁུར་ནས་ལོ་གཅིག་ལྷག་ཙམ་སོང་རིང་། ངས་ཧྥི་ཅིའི་གླིང་ཕྲན་གཙོ་བོར་བསྐྱོད་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཧྥི་ཅིའི་ལས་རིགས་ཁག་གི་མི་སྣ་དང་གླེང་མོལ་ཟབ་མོ་བྱས་པ་ལས་རྒྱལ་ཁབ་འཕེལ་རྒྱས་དང་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་བའི་ཁོང་ཚོའི་རེ་འདོད་ཚོར་བྱུང་། ངས་ཀྲུང་གོས་ཧྥི་ཅི་བློས་འགེལ་ཆོག་པའི་གྲོགས་པོར་བརྩིས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ནས་ཧྥི་ཅི་དང་ལག་གདང་སྦྲེལ་ནས་དར་རྒྱས་དང་གོང་འཕེལ་གཏོང་འདོད་ཡོད་ལུགས་ཁོང་ཚོར་བརྗོད་པ་ཡིན།

    ཧྥི་ཅི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་སྔ་ཤོས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་གྲོགས་པོ་བཟང་པོ་དང་རོགས་ཟླ་ཡག་པོར་བརྩིས་ཏེ་ཧྥི་ཅིས་རང་བརྟེན་འཕེལ་རྒྱས་ཀྱི་ལམ་བུ་བདམས་ནས་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་ཧྥི་ཅིས་རྒྱབ་སྐྱོར་ཧུར་ཐག་བྱས་ནས“གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་གྲོས་འགོའི་གྲོགས་པོའི་ཚོགས་ཆུང”ནང་ཞུགས་ཡོད་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོ་དང་ཧྥི་ཅིའི་འབྲེལ་བ་ནི་རྒྱལ་ཁབ་ཆེ་ཆུང་ལ་མ་བལྟོས་པར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་མཛའ་གྲོགས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

    ཀྲུང་གོ་དང་ཧྥི་ཅིས་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་གཞོལ་ཞིང་། ཀྲུང་གོ་དང་ཧྥི་ཅི་ནི་ལེགས་ཆ་གསབ་རེས་བྱེད་པའི་མཉམ་ལས་ཀྱི་རོགས་ཟླ་མཐུན་ཤོས་ཤིག་ཡིན། 2018ལོར་རྒྱལ་ཁབ་གཉིས་དབར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་ནས་བཟུང་། ཀྲུང་གོ་དང་ཧྥི་ཅིའི་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་མགྱོགས་ལམ་དུ་སྐྱོད་འགོ་ཚུགས་ཡོད། 2023ལོར་ཀྲུང་གོ་དང་ཧྥི་ཅིའི་ཕྱོགས་གཉིས་པོའི་ཉོ་ཚོང་དངུལ་གྲངས་ཨ་སྒོར་དུང་ཕྱུར་5.26ཟིན་ནས་ཀྲུང་གོ་འདི་ཉིད་ཧྥི་ཅིའི་ཚོང་དོན་རྒྱལ་ཁབ་ཆེ་གྲས་ལྔ་པར་གྱུར་ཏེ་ཧྥི་ཅིའི་གཏེར་ཆུ་དང་། སྦི་རག བྱུག་རྫས། ནུའོ་ལི་ཇ་ལོ་སོགས་ཁྱད་ལྡན་ཐོན་རྫས་ཧ་ཅང་མང་པོ་ཀྲུང་གོའི་སྒོ་རྩིས་ཚོང་ཁང་དུ་ཚོང་བཞིན་ཡོད་ལ། ཀྲུང་གོ་དང་ཧྥི་ཅིའི་མཛའ་གྲོགས་ཟམ་པ་དང་། སུའུ་ཝའི་ནུས་མང་ལུས་རྩལ་ཁང་། ནཱ་ཝུའུ་ཝའི་སྨན་ཁང་བཅས་ཕྱོགས་གཉིས་པོའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བཀྲག་མདངས་འཚེར་སའི་མིང་བྱང་དུ་གྱུར་ཡོད། ཧྥི་ཅིར་རོགས་རམ་བྱེད་པའི་ཀྲུང་གོའི་ཤ་མོ་དང་རྩྭ་འདེབས་ལག་རྩལ་རྣམ་གྲངས་དང་ཞིང་ལས་འཕེལ་རྒྱས་ལག་རྩལ་གྱི་ཆུ་འབྲས་རྣམ་གྲངས་ཀྱིས་ས་གནས་དེ་གའི་དམངས་འཚོ་ལེགས་གཏོང་དང་། ལས་ཞུགས་འབབ་འཕར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཐད་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྲུན་བྱས་པའི་LEDལམ་སྒྲོན་གྱིས་ཧྥི་ཅིའི་གྲོང་ཁྱེར་དང་གྲོང་གསེབ་ལ་འོད་སྣང་སྦྱིན་པ་མ་ཟད། ཐོག་མེད་ཟློས་གར་ཁང་དང་ཕའེ་ཆིའུ་སྤོ་ལོའི་ཐང་གིས་ཀྱང་ཧྥི་ཅིའི་གཞོན་ནུ་དེ་བས་མང་བའི་འཇོན་ཐང་ངོམ་ས་དང་ལུས་སྦྱོང་བྱེད་སར་གྱུར་ཡོད། ཀྲུང་གོས་ཝ་ནུ་ཨ་གླིང་ཕྲན(གླིང་ཕྲན་བྱང་མ)ལ་རོགས་སྐྲུན་བྱས་པའི་གཞུང་ལམ་རིམ་སྤོར་རྣམ་གྲངས་ལ་སྤྱོད་འཐུས་ཀྱི་ཞིབ་འཇུག་བྱས་ཟིན་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འཚམས་འདྲི་ཚོགས་པ་ཕན་ཚུན་འགྲོ་འོང་ཟམ་མི་ཆད་པར་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད།

    སང་ལོ་ཀྲུང་གོ་དང་ཧྥི་ཅིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བས། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་དང་། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་པ་བཅས་སྔར་བས་ཡོང་བ་བྱས་ནས་ཀྲུང་གོ་དང་ཧྥི་ཅིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་ཟམ་མི་ཆད་པ་ཡོང་བར་སྐུལ་འདེད་བཏང་སྟེ་དེ་བས་ཟབ་པའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།