དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧུའུ་པེ་ཧྲི་ཡན་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་པར་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-16

    དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་བཏང་སྟེ་མི་དེ་བས་མང་བས་རང་རྟོགས་ངང་ཆུ་བོར་སྲུང་སྐྱོང་དང་དགའ་ཞེན། གྲོན་ཆུང་བཅས་བྱེད་པར་སྣེ་ཁྲིད་ཀྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐེངས་གཉིས་པ་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་པེ་ཧྲི་ཡན་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་པར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་འབྲེལ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་པ་དང་དང་བླངས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ལོ་བཅུའི་རིང་ཆུ་མཛོད་ཁུལ་གྱི་མང་ཚོགས་དེ་བས་མང་བ་དང་བླངས་ཞབས་ཞུའི་དཔུང་ཁག་ལ་ཞུགས་ནས་སེམས་ནུས་ཡོད་རྒུས་དྭངས་གཙང་ཆུ་མཛོད་སྲུང་སྐྱོང་བྱས་པས་ཆུ་མཛོད་ཁུལ་གྱི་ཆུ་དེ་བས་དྭངས་གཙང་དང་། རི་བོ་དེ་བས་སྔོ་ལྗང་། ཁོར་ཡུག་དེ་བས་མཛེས་པ་བཅས་ཤེས་རྟོགས་བྱུང་བས་ང་རང་ཧ་ཅང་དགའ་པོ་བྱུང་།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལྷོ་ཆུ་བྱང་འདྲེན་ལས་གྲྭ་དེ་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་། ཕུགས་ཀྱི་འཕེལ་རྒྱས། མི་དམངས་ཀྱི་བདེ་རྩ་བཅས་དང་འབྲེལ་བ་ཡོད་པས། ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས“ཆུ་བོ་དྭངས་གཙང་ཞིག་མུ་མཐུད་བྱང་ཕྱོགས་སུ་རྒྱུག་པའི”འགན་ལེན་བྱེད་པར་མི་ཚང་མས་འགན་འཁྲི་གཙང་སྒྲུབ་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་ཀྱི་ཡོད། ཁྱེད་ཚོས་དང་བླངས་ཞབས་ཞུའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་མི་དེ་བས་མང་བས་རང་རྟོགས་ངང་ཆུ་བོར་སྲུང་སྐྱོང་དང་དགའ་ཞེན། གྲོན་ཆུང་བཅས་བྱེད་པར་སྣེ་ཁྲིད་ཀྱིས་དུས་རྟག་ཏུ་རི་བོ་སྔོ་ཞིང་ཆུ་བོ་དྭངས་བ་དང་། མཁའ་རླུང་ལེགས་པ་བཅས་ཀྱི་མཛེས་པའི་ཀྲུང་གོ་མཉམ་དུ་བསྐྲུན་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

    2014ལོར། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭར་ཆུ་དངོས་སུ་ཤར་གཏོང་ཐུབ་པའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཡོད། ལོ་བཅུའི་རིང་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ཆུ་འགོའི་ཁུལ་གལ་ཆེན་ཞིག་ཡིན་པའི་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱིས་ཆུ་སྤུས་སྲུང་སྐྱོང་རྒྱུན་མཐུད་གཏིང་ཟབ་བྱས་ནས། དང་བླངས་པ་ཚུད་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཆུ་བཅོས་ཆུ་སྲུང་ལས་ལ་ཧུར་ཐག་ཞུགས་པས། ཏན་ཅང་ཁོའུ་ཆུ་མཛོད་ཀྱི་ཆུ་སྤུས་རིགས་Ⅱཔ་དང་དེ་ཡན་གྱི་ཚད་གཞི་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། ཉེ་ཆར། ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཆུ་བོ་སྲུང་སྐྱོང་གི་དང་བླངས་ཞབས་ཞུ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་དྭངས་གཙང་ཆུ་མཛོད་སྲུང་སྐྱོང་ཡག་པོ་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།