དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་གྱི་ལས་ཀའི་ནང་ཁྱབ་པ་བྱས་ནས་རྟག་ཏུ་དམ་འཛིན་བྱེད་པ།

    སློབ་སྦྱོང་ལ་བརྟེན་ནས་སྒྲིག་ཁྲིམས་དམ་དུ་གཏོང་བ་དང་སྒྲིག་ཁྲིམས་ལ་བརྟེན་ནས་བྱ་སྤྱོད་སྲོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ལིན་ཝེ།   |     སྤེལ་དུས།  2024-08-15

    དུས་མཚམས་ཤིག་རིང་། ས་གནས་ཁག་གིས་དངོས་འཛིན་དངོས་སྦྱོང་དང་མགོ་ཡོད་མཇུག་ཡོད་མཐའ་འཁྱོངས་ཀྱིས་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་གྱི་ལས་ཀའི་ནང་ཁྱབ་པ་བྱས་ཏེ་རྟག་ཏུ་དམ་འཛིན་དང་། ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་ལ་བརྟེན་ནས་སྒྲིག་ཁྲིམས་དམ་དུ་གཏོང་བ་དང་སྒྲིག་ཁྲིམས་ལ་བརྟེན་ནས་བྱ་སྤྱོད་སྲོང་བར་ཁྲིད་སྟོན་བྱས་ཏེ། ཏང་གཤིས་ནན་དུ་གཏོང་བ་དང་། སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་ཞུན་བརྡར་བཅས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད།

    “གྲངས་གཞི་རྫུན་བཟོ་དང‘འདྲ་ཆགས་པོ’བྱེད་པ་དེ་དག་ཚང་མ་ནི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་དཔེ་མཚོན་རེད”ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་པའོ་ཧྥུང་གྲོང་རྡལ་ལུའུ་ཡུང་ཆའོ་གྲོང་ཚོའི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་འཚོག་ཡུལ་གྱི་སྒོ་རར་གྲོང་རྡལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལི་ཧོའུ་རུང་གིས་དཔེ་མཚོན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས། ཏང་ཡོན་དང་ལས་བྱེད་པར《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)འགྲེལ་བཤད་བརྒྱབ་པ་རེད།

    ཡུང་ཁྲོན་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་གྱོད་དཔེར་བརྟེན་ནས་སྒྲིག་ཁྲིམས་གླེང་རྒྱུ་མཐའ་འཁྱོངས་བྱས་ཏེ། 《ཡུང་ཁྲོན་ཆུས་ཀྱི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་ཕྱོགས་བསྒྲིགས》 རྩོམ་སྒྲིག་པར་འདེབས་བྱས་པ་དང་། “སྲོལ་ཡིག་+གྱོད་དཔེ་+གསལ་འགྲེལ+ས་གནས་ས་ཐོག”གི་བྱ་ཐབས་བརྒྱུད། སློབ་སྦྱོང་ཟུར་ཁྲིད་དང་། ཁྲིམས་རའི་འདྲི་གཅོད་ཟུར་ཉན། ཉེན་བརྡའི་སློབ་གསོ་སོགས་སྒྲིག་འཛུགས་བྱས་པ་རེད།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱིས་གྲོང་གསེབ་དང་། སྡེ་ཁུལ། ལས་ཁུངས། ཁེ་ལས། སྤྱི་ཚོགས་རྩ་འཛུགས་སོགས་ཁྱབ་ཁོངས་དང་། སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། ལས་རྣམ་གསར་པ་སོགས་ལས་རིགས། སྐོར་སྐྱོད་ཏང་ཡོན་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་སོགས་ཚོགས་སྤྱིར་དམིགས་ནས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། སྒྲིག་ཁྲིམས་ཐད་ཀྱི་ཏང་གི་དཔེ་སྟོན་སློབ་ཚན་རིགས་11གསར་སྤེལ་བྱས་ཡོད། གྲོང་ཁྱེར་རིམ་པའི་ཆེད་དོན་ཚན་ཁག་གིས“གཅིག་གཏད་གཅིག”གི་མཉམ་འབྲེལ་མཛུབ་ཁྲིད་བྱས་ནས། བསྡུ་རུབ་དང་གསེད་བཀྲོལ་བྱས་པའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་ཁག་གཅིག་ཏང་གི་སློབ་ཚན་ནང་བཅུག་སྟེ། ལྟ་ཚུལ་དང་གཏམ་རྒྱུད་གླེང་བར་སྣང་ཆེན་གྱིས་སྒྲིག་ཁྲིམས་སྐོར་གྱི་ཏང་གི་སློབ་ཚན་དེ་ཉན་མཁན་གྱི་འདོད་བློ་དང་འཚམ་པའི་འགན་ལེན་བྱས་ནས་སེམས་འགུལ་ཐེབས་ནུས་དང་གོ་སྐོན་བློ་འགུག་གི་ནུས་པ་ཆེ་རུ་བཏང་བ་རེད།

    ཧུའུ་པེ་ཞིང་ཆེན་ཐུང་ཧྲན་རྫོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་གྱི་ལས་ཀའི་ནང་ཁྱབ་པ་བྱས་ནས་རྟག་ཏུ་དམ་འཛིན་བྱས་ཏེ། དྲ་ཐོག་ནས་རི་མོ་རིང་པོ་དང་། རབ་བཏགས་རི་མོ། བརྙན་ཐུང་སོགས་མ་རྩོམ་བརྩམས་ཆོས་བཏོན་པ་དང་། དྲ་གཤམ་ནས་སྒྲོག་འགྲེལ་ཉམས་མྱོང་ཕུན་སུམ་ཚོགས་པའི་སྒྲིག་བཤེར་རྐང་འཛིན་པ་སྐོང་འཐེན་བྱས་ཏེ“སྤྱོད་གཙང་སྒྲོག་འགྲེལ་ཚོགས་པ”བཙུགས་ནས་སྡེ་ཚན་ཁག་དང་ཤང་གྲོང་ཁག་ཏུ《སྲོལ་ཡིག》གསལ་འགྲེལ་ཟུར་ཁྲིད་བྱེད་པར་མངགས་ཡོད། ཀྲེ་ཅང་ཞིང་ཆེན་ཏེ་ཆིང་རྫོང་གིས་ཏང་གི་སློབ་གྲྭའི་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་སློབ་ཚན་གསར་སྤེལ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྫོང་དེ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སློབ་ཁྲིད་ནང་དོན་དང་རྫོང་ཨུད་ཏང་གི་སློབ་གྲྭའི་སློབ་ཚན་ཁག་ནང་བཅུག་པ་རེད།

    ས་གནས་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ལྟེ་བའི་ལས་དོན་གཉིས་ཀར་དམ་འཛིན་དང་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག་བློ་བདེ་པོ་དང་བློ་ཁོག་ཆེན་པོས་ལས་ཀ་བྱེད་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཧུར་བརྩོན་ཆེན་པོས་ལས་རྗེས་གཏོད་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་གྲོང་ཁྱེར་གསར་སྒྱུར་གྱི“དགེ་མཚན་འདོན་པ་དང་། ཞན་ཆ་སེལ་བ། འགག་ས་གཤོང་བ”བཅས་ཀྱི་འགག་སྒྲོལ་བྱ་སྤྱོད་ལེགས་སྒྲུབ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་གཏོང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་ནན་པོ་དེ་རྒྱུན་གཏན་གྱི་གོམས་གཤིས་དང་བྱ་སྤྱོད་ཀྱི་ཚད་གཞིར་དངོས་སུ་བསྒྱུར་བར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ཅང་སུའུ་ཞིང་ཆེན་སི་ཧུང་རྫོང་གིས་རྫོང་ནང་ཁུལ་གྱི་ཏ་ཝང་ཀྲོང་གསར་བརྗེའི་རིག་གནས་ཡུལ་སྐོར་ཁུལ་དང་ཧོའེ་པེ་རི་འགོག་དམངས་གཙོའི་རྟེན་གཞིའི་ས་ཁུལ་དྲན་གསོ་ཁང་སོགས་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་དེ། གྲོང་ཚོ་རིམ་པའི་སྲིད་གཙང་རིག་གནས་གཡུལ་སའི་ལེགས་ཆ་བཏོན་ནས། དངོས་དཔེར་གསལ་འགྲེལ་དང་བརྙན་ལམ་དངོས་ཀྱི་སློབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་ཡོན་དང་ལས་བྱེད་པར་སྒྲིག་ཁྲིམས་སྦྱོང་བའི་ཁྲོད་ཏང་གཤིས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་། སྒྲིག་ཁྲིམས་ཤེས་པའི་ཁྲོད་ནོར་འཛོལ་དུས་ཐོག་ཏུ་ཡོ་བསྲང་བྱེད་པ། སྒྲིག་ཁྲིམས་དམ་དུ་གཏོང་བའི་ཁྲོད་རང་ངོས་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་སྲུང་བའི་ཁྲོད་དངོས་སྒྲུབ་སྔོན་ཐོན་བརྩོན་ལེན་ཧུར་ཐག་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་པ་རེད།

    ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཞང་ཡུན་རྫོང་འཕེལ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཧྲོང་གིས“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་གང་ཡིན་གསལ་པོ་རྟོགས་པར་ཁྲིད་སྟོན་བྱས་པ་དང་ཁོང་ཚོས་ཅི་ཞིག་སྒྲུབ་མི་རུང་བ་གསལ་པོ་རྟོགས་པ་མ་ཟད། ཅི་ཞིག་སྒྲུབ་དགོས་པ་དང་ཇི་ལྟར་སྒྲུབ་དགོས་པའང་རྟོགས་ཡོད”ཅེས་བརྗོད། ཞང་ཡུན་རྫོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རིང་ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག བློ་ཁོག་ཆེན་པོས་ལས་ཀ་སྒྲུབ་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཚོད་འཛིན་ཐེབས་པའི་དཀའ་གནད་དང་འགག་གནད་བསལ་ཏེ་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།