འབྲི་ཆུའི་ཆུ་འགོར་འཚོལ་ཞིབ་བྱས་ནས་སྲུང་སྐྱོང་དེ་བས་ཡག་པོ་བྱེད་པ།
ཆར་པ་བབས་རྗེས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་གྱི་འབྲི་ཆུའི་བཞུར་རྒྱུན་ཆེ་རུ་ཕྱིན་ཅིང་གྲུ་པའི་མདའ་དུམ་བུར། འབྲི་ཆུ་ཚན་རིག་ཁང་ཆུ་བོ་ཞིབ་འཇུག་སུའོ་དང་ཆུའི་ཁོར་ཡུག་སུའོ་སོགས་ཚན་ཞིབ་ཚན་པའི་ཚན་རིག་རྟོག་ཞིབ་རུ་མིས་བྱེ་འདམ་དང་། ཆུ་ནང་གི་དིམ་དངོས། གཡེང་རྐྱལ་སྐྱེ་དངོས་སོགས་ཀྱི་མ་དཔེ་བླངས་ནས། 2024ལོའི་འབྲི་ཆུའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།
མུ་མཐའ་མེད་པའི་མཚོ་བོད་ས་མཐོའི་དབུས་ཁུལ་བརྒལ་ནས་ཚན་རིག་རྟོག་ཞིབ་མི་སྣས་འབྲི་ཆུའི་ཆུ་འགོ་དང་རྫ་ཆུའི་ཆུ་འགོ་ཁུལ་གྱི་ཆུ་བོ་དང་མཚོ་མོའི་ཆུ་དཔྱད་དང་། ཆུ་ལམ། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས། ཆུའི་ཐོན་ཁུངས། ས་ཆུ་ཤོར་བ། འཁྱགས་རོམ་འཁྱགས་ས་སོགས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་པ་རེད།
མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་འབྲི་ཆུའི་ཆུ་འགོ་དང་རྫ་ཆུའི་ཆུ་འགོ་ཁུལ་ནི་གནམ་གཤིས་འགྱུར་ལྡོག་གྱི་ཤུགས་རྐྱེན་སྐྱེན་ཁུལ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཁུལ་ཡིན་པས། འབབ་རྒྱུད་ཀྱི་གནམ་གཤིས་མ་ལག་བརྟན་པོ་དང་། ཆུའི་ཐོན་ཁུངས་ལ་འགན་ལེན། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་། སྐྱེ་ཁམས་མ་ལག་གི་བདེ་འཇགས་བཅས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད།
“འབྲི་ཆུའི་ཆུ་འགོ་ཁུལ་གྱི་ཆུའི་ཐོན་ཁུངས་2005ལོའི་རྗེས་སུ་སྤྱིའི་ཆ་ནས་འབེལ་དུ་ཕྱིན་པ་དང་། ལྷག་པར་དུ་2017ལོ་ཚུན་དུ་མངོན་གསལ་དོད་པོས་འབེལ་པོ་ཆགས་ཡོད། འདས་པའི་ལོ་5ཡི་ནང་། འབྲི་ཆུའི་ཆུ་འགོའི་ཆུའི་ཐོན་ཁུངས་ལོ་རེར་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་261.7ཟིན་པ་དེ་1956ལོ་ནས་2016ལོ་བར་གྱི་ལོ་མང་རིང་གི་ཆ་སྙོམས་གྲངས་ཐང་ལས་40%ཡན་གྱིས་མང་བ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ཆུའི་ཐོན་ཁུངས་ཚད་ལེན་བརྡ་གཏོང་ལྟེ་གནས་ཀྱི་ཚན་རིག་རྟོག་ཞིབ་རུ་མི་ཧྲི་ལུའུ་ཡིས་ངོ་སྤྲོད་བྱས་པ་རེད།
འདི་དག་གི་ཤུགས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་གོ་ལ་ཧྲིལ་པོའི་དྲོ་བཤེར་ཅན་གྱི་ཤུགས་རྐྱེན་དེ་རེད། “འབྲི་ཆུའི་འབབ་རྒྱུད་སྤྱི་ཡོངས་དང་བསྡུར་ན་འབྲི་ཆུའི་ཆུ་འགོ་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་དེ་བས་མངོན་གསལ་དོད་པོ་ཡོད་པ་སྟེ། དྲོད་ཚད་འཕར་ཚད་འབབ་རྒྱུད་ཡོངས་ཀྱི་ལྡབ་གཉིས་ཙམ་ཟིན་ནས་ཆར་ཆུ་ཤུགས་ཆེན་འབབ་ཚད་མང་དུ་ཕྱིན་ཡོད། མ་འོངས་པར་འབྲི་ཆུའི་ཆུ་འགོ་ཁུལ་རྒྱུན་མཐུད་དྲོ་བཤེར་ཅན་དུ་འགྱུར་རྒྱུ་རེད”“དེའི་ཤུགས་རྐྱེན་ཐེབས་པའི་དབང་གིས་སྐུ་ལྷ་དར་གདོང་གི་དབུ་རྩེའི་འཁྱགས་རོམ་དང་སྟོང་མཁར་དམར་རྡེའུ་འཁྱགས་རོམ་གཉིས་ཀ་བཞུར་ནས་ཆུང་དུ་འགྲོ་བཞིན་ཡོད་ལ། སྟོང་མཁར་དམར་རྡེའུ་འཁྱགས་རོམ་ཡང་ཉེ་བའི་ལོ་ཤས་རིང་རྒྱུན་མཐུད་བཞུར་མཐར་2009ལོར་སྟོང་མཁར་དམར་རྡེའུ་འཁྱགས་རོམ་ཆེ་ཆུང་གཉིས་སུ་ཆགས་ཤིང་མིག་སྔར་འཁྱགས་རོམ་མདུན་ཕྱོགས་ནས་མུ་མཐུད་ཆུང་དུ་འགྲོ་བཞིན་ཡོད་པ་རེད”ཅེས་འབྲི་ཆུའི་འབབ་རྒྱུད་གནམ་གཤིས་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ཆིན་ཕེང་ཁྲེང་གིས་གསར་འགོད་པར་བཤད།
ཆིན་ཕེང་ཁྲེང་གིས“མིག་སྔར་འབྲི་ཆུའི་ཆུ་འགོ་ཁུལ་དུ་ཞིབ་འཇུག་བྱེད་སྐབས་གནམ་གཤིས་དང་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་རགས་ཙམ་དང་སྲུང་སྐར་རྒྱང་ཚོར་གྲངས་གཞིའི་ཐོན་རྫས་སྤྱད་ཐོག་གྲངས་ཐང་རྣམ་པ་དང་ཟུང་འབྲེལ་བྱས་ནས་སྔོན་དཔག་བྱེད་ཀྱི་ཡོད་པས། ཆུ་འགོ་ཁུལ་དུ་བསྐྱོད་དེ་ཡུལ་དངོས་ལ་བརྟག་དཔྱད་ཐུབ་ཚེ། ས་མཐོར་རྒྱུན་སྲོལ་ལྟ་ཞིབ་ཚད་ལེན་མ་ལག་གི་མཐུག་ཚད་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་མ་ཟད། ད་དུང་གྲངས་ཐང་རྣམ་པའི་དཔྱད་གྲངས་ལེགས་སུ་གཏོང་བར་ཡང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱེད་ཐུབ”ཅེས་ངོ་སྤྲོད་བྱས་པ་རེད།
“ཐེངས་འདིར་ཚན་རིག་རྟོག་ཞིབ་བྱས་པ་བརྒྱུད། འབྲི་ཆུའི་ཆུ་འགོ་དང་རྫ་ཆུའི་ཆུ་འགོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་སྔར་བས་ཁོང་དུ་ཆུད་ནས་འབྲི་ཆུ་སྲུང་སྐྱོང་ཆེན་པོ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། འབྲི་ཆུའི་ཆུ་འགོ་དང་རྫ་ཆུའི་ཆུ་འགོ་ཁུལ་གྱི‘ས་ཆུ་རླུང་དང་བྱེ་འཁྱགས’ཀྱི་འགྱུར་ལྡོག་དང་འཚམ་པའི་སྲུང་སྐྱོང་ཐབས་ཇུས་ཞིབ་འཇུག་བཅས་ལ་རྨང་གཞིའི་གྲངས་གཞི་མཁོ་འདོན་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ཀྱི་ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་ནུས་པ་འདོན་སྤེལ་དེ་བས་ཡག་པོ་ཐུབ་རྒྱུ་རེད”ཅེས་འབྲི་ཆུ་ཚན་རིག་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་ཤུས་ཕིང་གིས་བཤད།