དམངས་ཀྱི་འདུན་པ་དོན་དུ་གཉེར། བདེ་སྐྱིད་འཚོ་བའི་ལམ་བུ་གཏོད།
——རང་ལྗོངས་ཀྱིས་དམངས་གཙོ་ཁྲིམས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་བ།
ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཁྲོད་བོད་ཀྱིས“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་སྔར་བས་བོད་ལྗོངས་བཅོས་སྐྱོང་གི་ནུས་པར་བསྒྱུར་ནས་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན། བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ནས་2023ལོའི་སྒོར་དུང་ཕྱུར་2400བར་འཕར་བ་དང་། མི་རེའི་ཆ་སྙོམས་GDPསྒོར་ཁྲི་5.23ནས་སྒོར་ཁྲི་6བར་འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་ཡོད།
ད་ཆ་བོད་དུ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད།
སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་གྱི་རྣམ་པ་ས་གཞི་ཡོངས་ལ་ཁྱབ།
གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོའི“འབྲེལ་གསུམ”ཐང་ཆེན་དུ་སྐྱོད་སྐབས་གསར་འགོད་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངར་ཤུགས་ཟབ་མོ་ཞིག་ཚོར། གྲོང་ཚོ་དེ་རྒྱལ་ལམ་318ཀྱི་འགྲམ་དུ་གནས་པ་དང་གྲོང་ཚོའི་མང་ཚོགས་དུད་ཚང་59ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བ་ནས་ཡོང་བ་ཞིག་རེད།
ཕུ་སྣ་གྲོང་ཚོས་ལོ་ལྟར་མི་རིགས་མཐུན་སྒྲིལ་གྱི་བཞུགས་མོལ་ཚོགས་འདུ་འཚོག་གི་ཡོད་ཅིང་། མི་རིགས་མཐུན་སྒྲིལ་ནི་གྲོང་ཚོའི་སྒྲིག་སྲོལ་དམངས་ཆིངས་ཀྱི་ནང་དོན་གལ་ཆེན་ཞིག་རེད། 2023ལོའི་ཟླ་5ཚེས་4ཉིན་ཕུ་སྣ་གྲོང་ཚོས་གསར་བརྗེའི་ས་ཚིགས་བསྐྲུན་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་སྟབས་བདེ་མང་པོ་བསྐྲུན་པ་མ་ཟད། གྲོང་ཚོ་བརྒྱུད་ནས་སྐྱོད་མཁན་རྐང་འཁོར་བཞོན་མཁན་དང་རྐང་ཐང་དུ་འགྲོ་མཁན་ཆིག་སྟོང་ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
བོད་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ལྷོ་པ་རིགས། མོན་པ་རིགས། ཤར་པ་བ། ཏེང་པ་བ་སོགས་མི་རིགས་40ལྷག་ཙམ་འཚོ་བ་སྐྱེལ་གྱི་ཡོད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཚོན་ན་རྨང་གཞིའི་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད།
ས་གནས་ཁག་དང་སྡེ་ཚན་ཁག་གི་ཐུན་མོང་འབད་བརྩོན་འོག་འཛུགས་གཏོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ། གྲོང་ཁྱེར་དང་ས་ཁུལ་བདུན་ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་ལ་གྱུར་ནས་གྲོང་ཁྱེར་དང་ས་ཁུལ་ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དང་ས་ཁུལ་དུ་འཛུགས་གཏོད་བྱེད་པའི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད།
ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་གསོན་ཉམས་ལྡན་པའི་རྣམ་པ་མངོན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་སྟོན་གྲངས་ལོ་མང་བསྟུད་མར་99%ཡན་རྒྱུན་འཁྱོངས་ཐུབ་ནས་ཚང་མས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད།
དམངས་ཀྱི་འབོད་སྒྲ་ཉན་པ་དང་མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུས།
ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་པོ་སྟེ། རྨེ་རུ་སྡེ་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་དངོས་སུ་སྒོ་བྱང་བཀལ་བ་དང་འབྲེལ་སྤྱོད་འགོ་ཚུགས་པ་ལས་ཁྲེང་ཀོན་ཆུས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་སྤོས་པ་མཚོན་ཡོད།
བོད་ཀྱི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་42153གྱིས་སྤྱི་ལེ་ངོས་གྲུ་ཁྲི་120ཡི་ས་གཞི་ཆེན་པོར་བསྐྱོད་ནས་མང་ཚོགས་ཀྱི་བྱ་བཞག་ཆེད་དུ་སྐུལ་ལྕག་བྱེད་ཀྱི་ཡོད།
བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་89.2%བཟུང་བའི་ཚོགས་སྤྱི་འདིས་ཆེད་དོན་བརྟག་ཞིབ་དང་། ལྟ་ཞིབ། བཅར་འདྲི་སོགས་ཀྱི་བྱ་ཐབས་བརྒྱུད་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཤེས་རྟོགས་དང་མཚོན་པར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་སེལ་རོགས་བྱེད་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་རིམ་པ་དེ་གའི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་129འདོན་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་དེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་སྲོལ་མང་པོ་བཟོ་སྐབས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་ལ་མཐོང་ཆེན་བྱས་པ་མ་ཟད། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་10བཙུགས་ནས་དམངས་ཀྱི་གནས་ཚུལ་ཞིབ་བཤེར་དང་དམངས་འཚོ་གཅིག་སྡུད་ཀྱི་བྱེད་ཐབས་བཏོད་ཡོད།
མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང་དང་། འཐུས་མིའི་འབྲེལ་གཏུག་ས་ཚིགས། འཐུས་མིའི་འགན་འཁྲི་སྒྲུབ་པའི་དྲ་རྒྱའི་ཞབས་ཞུའི་ལས་སྟེགས་བཅས་སྐྲུན་ཤུགས་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་གཙོ་དང་དམངས་ཀྱི་འདོད་བློ་མཚོན་པའི་ལས་སྟེགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར། ལྗོངས་ཡོངས་ཀྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”དང་། གྲོང་ཚོའི(གྲོང་ལྷན)མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས། འཐུས་མིའི་བྱེད་སྒོ་ཁང་བཅས་772མི་དམངས་མང་ཚོགས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཞུ་བ་དང་དཀའ་གནད་སེལ་བའི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད།
“དཀའ་ངལ་འཕྲད་ན་འཐུས་མི་འཚོལ་གྱི་ཡོད”བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས“ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཉིད་ཀྱི་བདག་པོར་གྱུར་བ”ནས“རང་ཁྱིམ་རང་བདག་བྱུང་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་པའི”འཕོ་འགྱུར་ཟབ་མོ་མངོན་འགྱུར་བྱུང་ཡོད།
ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་གཞི་རིམ་བཅོས་སྐྱོང་ལ་གྲུབ་འབྲས་བཟང་པོ་ཐོབ།
གཞིས་རྩེ་ཧུང་ཏ་མེ་ཏོག་ལྡུམ་རའི་ཁུལ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དོན་གྲུབ་ནི་ཏང་ལོ་37ཟིན་པའི་ཏང་ཡོན་རྒན་གྲས་ཤིག་རེད། ཁོང་གིས“རྒན་རྒོན་ཚོས་ནུས་ཤུགས་གང་ཡོད་བཏོན་ན། གཞོན་ནུ་ཚོས་ལས་ཀ་དེ་བས་ལེགས་པར་སྒྲུབ་ཐུབ”ཅེས་བཤད། ཁུལ་ཆུང་དེས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལེགས་ཆ་བཏོན་ནས་ཁུལ་ཆུང་གི་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱས་པར་བརྟེན“དོན་དག་ཆུང་ཙག་དུད་ཚང་དུ་ཐག་གཅོད་དང་། དོན་ཆེན་དྲ་མིག་ནས་ཐག་གཅོད། འགལ་བ་ཛ་དྲག་ཏུ་མི་འགྲོ་བ། གྲོས་མོལ་བྱས་ནས་ཐག་གཅོད”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་དང“འཐུས་མི་གཉིས་དང་ཨུ་ཡོན་གཅིག”སོགས་དྲ་མིག་ལས་དོན་པའམ་ཡང་ན་དུད་ཚང་སྤྱི་མི་དང་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའམ་ཨུ་ཡོན་གྱི་འགན་འཁུར་དུ་བཅུག་པ་མ་ཟད། ཏང་ཡོན་རྐང་འཛིན་པས་དྲ་མིག་གི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའམ་ཡང་ན་ཏང་ཚོགས་ཆུང་གི་ཙུའུ་ཀྲང་དང་དྲ་དཔོན་གྱི་འགན་གཅིག་ལྕོག་འཁུར་དུ་བཅུག་ནས་གཞི་རིམ་ཏང་འཛུགས་སྐྱོང་ཁྲོད་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ཏང(ལས་དོན)ཨུ་ལྷན་དང་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ལྟེ་བའི་སྤྱི་འདོམས་ཀྱི་ནུས་པ་བཏོན་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དོན་འཁྱོལ་ཧུར་ཐག་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་འདེགས་སྐྱོར་མཁོ་འདོན་དང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་གཞི་རིམ་གྱི་བཅོས་སྐྱོང་ནུས་པར་འགྱུར་བ་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་གི“ཏང་དང་མང་ཚོགས་ཀྱི་ཇ་ཁང་ཆུང་ངུ”དང“ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས”ཀྱི་ཕྱོགས་སྟོན་བྱང་བུ་དེ་བས་བཀྲ་མདངས་འཚེར་ཞིང་། དེ་ནི་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་གཞི་རྟེན་ནུས་ལྡན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཤ་གསོས་ཤང་གིས“ཏང་འཛུགས་སྐྱོང་+དྲ་བ+ཁྲིམས་སྐྱོང”གི་གཞི་རིམ་བཅོས་སྐྱོང་བྱེད་ཐབས་གསར་པ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་དེ“ལས་འགན་བཀའ་རྒྱ”ནས“སྐུལ་སློང་ཁྲིད་སྟོན”དུ་བསྒྱུར་བ། སྐར་མ་གསོག་པར་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་པ་བཅས་བྱས་པས་ལོ་10བསྟུད་མར་བདེ་འཇགས་ཀྱི་གྱོད་གཞི་གཅིག་ཀྱང་ཐོན་མྱོང་མེད་པ་དང་ལོ་5ལ་ཉེས་དོན་གྱོད་གཞི་གཅིག་ཀྱང་ཐོན་མྱོང་མེད་པའི་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་མངོན་འགྱུར་བྱུང་ཡོད།
བོད་ཀྱིས་དོན་དངོས་ལ་གཞི་ཚུགས་པ་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་གཞི་རིམ་བཅོས་སྐྱོང་ལ་ཚོད་འཛིན་བཟོ་བའི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་ཞིབ་འཇུག་ནན་ཏན་དང་། ལྷུ་ཚིགས་ཞན་ཤོས་ནས་དམ་འཛིན་དང་མངོན་གསལ་དོད་ཤོས་ཀྱི་ཞན་ཆ་སེལ་བ་མཐའ་འཁྱོངས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ལག་བསྟར་བསམ་འཆར་འདོན་པ་བཅས་བྱས་པས“དོན་ཆུང་གྲོང་ཚོས་ཐག་གཅོད་དང་། དོན་ཆེན་གྲོང་རྡལ་གྱིས་ཐག་གཅོད། འགལ་བ་གོང་དུ་མི་ཞུ་བ”བཅས་མངོན་འགྱུར་བྱུང་ཡོད།
བོད་འཕེལ་རྒྱས་མགྱོགས་མྱུར་བྱུང་བའི་ལག་ལེན་ལས། བོད་ཀྱི་འཕེལ་རྒྱས་ནི་མེས་རྒྱལ་དང་ཁ་འབྲལ་ཐབས་མེད་ལ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་བོད་སྐྱོང་བཅས་ཟུང་འབྲེལ་དམ་ཟབ་དང་དེ་བས་ཁ་འབྲལ་ཐབས་མེད་པ་ར་སྤྲོད་བྱུང་ཡོད།