ཁྲང་ཏེ་གྲོང་ཁྱེར་མོ་ནད་དང་བུ་བཙའི་ཚན་ཁག་གི་སྨན་པ་ལི་མན་ཝན་གྱིས་བསྟུད་མར་བོད་སྐྱོར་ཐེངས་གཉིས་བྱས་ནས་ས་གནས་དེ་གའི་སྨན་པར་རྩལ་ནུས་དེ་བས་མང་བ་བསླབ་པ།
ཟླ་7ཚེས་5ཉིན་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་གི་མོ་ནད་དང་བུ་བཙའི་ཚན་ཁག་ཏུ་ལོ་25ལ་སླེབས་པའི་ཕུན་ཚོགས་ལྷ་མོས་བུ་སྣོད་ཀྱི་ཤ་སྐྲན་བཀོག་པའི་གཤགས་བཅོས་ཐེངས་དང་པོ་ལེགས་སྒྲུབ་བྱས་པ་རེད། སྐབས་དེ་དུས་ལོ་25ལ་སླེབས་པའི་ཕུན་ཚོགས་ལྷ་མོ་ལས་ཀར་ཞུགས་ནས་ལོ་གསུམ་ལས་འགྲོ་ཡི་མེད།
དེ་དང་འདྲ་བར་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་དུ་ལས་ཀ་བྱས་ནས་ལོ་གསུམ་ལས་ཕྱིན་མེད་པའི་གྲས་སུ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱེད་པར་ཡོང་བའི་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་གྱི་སྨན་བཅོས་ལས་དོན་རུ་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་ལི་མན་ཝན་ཡང་ཡོད་པ་རེད།
གཤགས་བཅོས་དེར་མཛུབ་ཁྲིད་བྱེད་མཁན་རོགས་ཁྲིད་དགེ་རྒན་ཡིན་པའི་ལི་མན་ཝན་གྱིས་བརྒྱུད་རིམ་ཧྲིལ་པོར་ལག་པ་མ་སྒུལ་ཡང་མཛུབ་ཁྲིད་བྱེད་མཚམས་མ་བཞག་པར་ནད་པའི་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཕུན་ཚོགས་ལྷ་མོར་གཤགས་བཅོས་དེ་ལེགས་སྒྲུབ་བྱེད་རོགས་བྱས་པ་རེད། ལི་མན་ཝན་གྱིས“ན་གཞོན་སྨན་པ་སློབ་སྦྱོང་བྱ་རྒྱུར་དགའ་བ་དང་ཡར་རྒྱས་མགྱོགས་པོ་བྱུང་བ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་འདུག”ཅེས་བཤད།
ལོ་གསུམ་གོང་གི་ཐུག་འཕྲད་དང་ལས་དབང་ལས་ཁོང་གཉིས“དགེ་སློབ”ཏུ་གྱུར་པ་དང་ཕུན་ཚོགས་ལྷ་མོའི་ལག་རྩལ་ལེགས་སུ་འགྲོ་རྒྱུར་བློ་སྒོ་ཕྱེ་ཡོད།
གནས་ཚུལ་འདིའི་རིགས་ད་དུང་ཧ་ཅང་མང་པོ་ཡོད། ལི་མན་ཝན་གྱིས་ཚན་ཁག་གི་ལས་རོགས་ཚང་མ་རང་རྐྱ་འཕེར་བའི་ཆེད་ལས་མཁས་ཅན་དུ་འགྱུར་བར་བྱེད་གང་ཐུབ་བྱས་ནས“གཞན་བརྟེན་རྣམ་པའི”སྨན་བཅོས་བོད་སྐྱོར་དེ“རང་བརྟེན་རྣམ་པའི”སྨན་བཅོས་བོད་སྐྱོར་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། ལྷུན་རྩེ་རྫོང་ལ་ནམ་ཡང་གནས་ཐུབ་པའི་མོ་ནད་དང་བུ་བཙའི་ཚན་ཁག་གི་སྨན་བཅོས་ཚོགས་པ་ཞིག་བཞག་ཡོད། མིག་སྔར་ལི་མན་ཝན་ལ་དགེ་ཕྲུག་4ཡོད་པའི་ནང་ནས་གཉིས་ལ་འབྲིང་རིམ་དང་མཐོ་རིམ་གྱི་གོ་མིང་རག་ཡོད་པ་རེད།
སྨན་པ་འཚར་ལོངས་ཡོང་བ་ནི་རྒྱུན་ཆད་མེད་པར་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ལྷུན་རྩེ་རྫོང་མི་དམངས་སྨན་ཁང་དུ་སླེབས་མ་ཐག་ལི་མན་ཝན་གྱིས་ལས་རོགས་མི་ཉུང་བ་ཞིག་གི་རྨང་གཞི་ཞན་པོ་ཡོད་པ་ཤེས། དེར་བརྟེན་ལི་མན་ཝན་གྱིས་བསམ་བློའི་ཐད“བརྒྱུད་ཁྲིད”དང་། ལས་སྒོའི་ཐད“རོགས་རམ” ལས་ཀའི་ཐད“ཁྲིད་སྟོན”བཅས་ཀྱི་ཐོག་ནས་ཡང་སྐོར་བསྐྱར་སྐོར་གྱིས་སློབ་ཁྲིད་དང་འཇམ་ཁྲིད་བྱས་ཏེ་རང་ཉིད་ཀྱི་ཤེས་བྱ་དང་། རྩལ་ནུས། ཉམས་མྱོང་བཅས་བུམ་པ་གང་བྱོའི་ཚུལ་དུ་བརྒྱུད་ཁྲིད་བྱས་པ་རེད།
“རྒན་ལི་ལགས་ཀྱིས་རོགས་ཁྲིད་བྱེད་སྐབས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ་འགྲེལ་བཤད་ཞིབ་ཕྲ་རྒྱག་པ་དང་། བཀོལ་སྤྱོད་ཀྱི་གོ་རིམ་ཁ་གསལ་བ། དཔེ་སྟོན་བལྟས་པ་ཙམ་གྱིས་གསལ་པོ་ཤེས་པ། གོ་བདེ་ཤེས་སླ་བཅས་ཡོད་པ་མ་ཟད། ‘གང་ཞིག་ཡིན་པ་དང་། རྒྱུ་མཚན་གང་ཡིན་པ། ཇི་ལྟར་བྱེད་དགོས་པ’སོགས་ལྷུ་ཚིགས་ཁག་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པས་ང་ཚོའི་ཕྱོགས་གང་ཅིར་ཡར་རྒྱས་ཆེན་པོ་བྱུང”ཞེས་ཕུན་ཚོགས་ལྷ་མོས་བཤད།
ལི་མན་ཝན་གྱི་ངོས་ནས་བརྗོད་ན། བུད་མེད་དང་བྱིས་པའི་བདེ་སྲུང་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་བུད་མེད་ཀྱི་བདེ་ཐང་དང་ཁྱིམ་ཚང་གི་བདེ་སྐྱིད་དང་འབྲེལ་བ་ཡོད་པས་ཧ་རེ་ཧུ་རེ་སྤུ་ཙམ་ཡང་བྱེད་ཀྱི་མེད། ཁོང་གི་ཁ་པར་ཉིན་མཚན་མེད་པར་ཁ་མ་བཀག་པར་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་ནས་སྡོད་ཀྱི་ཡོད།
2022ལོའི་ཟླ་11པའི་ཉིན་ཞིག་གི་དགོང་མོའི་ཆུ་ཚོད་9པ་ཙམ་ལ་སྨན་ཁང་དུ་བུ་སྣོད་ཀྱི་ཕྱིར་མངལ་ཆགས་ནས་ཁྲག་མང་པོ་དོན་པའི་ནད་པ་ཞིག་སླེབས་པ་དེའི་གནས་ཚུལ་ཧ་ཅང་ཚབས་ཆེན་པོ་ཡོད་པ་རེད། ལི་མན་ཝན་གྱིས་གནས་ཚུལ་ཤེས་རྗེས། དགུན་དུས་ཀྱི་མཚན་མོ་གྲང་ངད་ཆེ་བར་མ་འཛེམས་པར་སྨན་ཁང་དུ་ནད་པ་མྱུར་སྐྱོབ་བྱེད་པར་བསྐྱོད། ཉིན་དེའི་དགོང་མོར། སྦྲུམ་མ་གཞན་ཞིག་ལ་མངལ་ནང་གི་ཕྲུ་གུའི་གནས་ཚུལ་ཡག་པོ་མེད་པར་ཚེ་སྲོག་ལ་ཉེན་ཁ་ཡོད་པས། བུ་སྣོད་གཤགས་ནས་ཕྲུ་གུ་འདོན་དགོས་ཀྱི་ཡོད། གཤགས་བཅོས་ཁག་གཉིས་ཀྱི་མདུན་དུ་ལི་མན་ཝན་གྱིས་འཚབ་འཚུབ་གཏན་ནས་མེད་པར་ཚན་ཁག་གི་ལས་རོགས་དང་མཉམ་དུ་གཤགས་བཅོས་བྱས་ནས་ཉིན་དེ་རང་ལ་མི་3བསྐྱབས་པ་རེད།
བྲེལ་བ་ཆེ་སྐབས་ལི་མན་ཝན་ལ་དུས་ཚོད་མི་འདང་བའི་སྣང་བ་ཡོང་གི་ཡོད། མིག་ཡུད་ཙམ་ཞིག་ལ་2023ལོའི་ཟླ་2པར་སླེབས་པ་དང་དུས་ཡུན་ལོ་གཅིག་དང་ལོ་ཕྱེད་ཀྱི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་དུས་ཚོད་ཐིམ་པས་ནང་སར་ཕྱིར་ལོག་བྱེད་པའམ་ཡང་ན་མུ་མཐུད་འདི་གར་སྡོད་པའི་ཐད་ལི་མན་ཝན་གདམ་ག་བྱེད་དཀའ་བར་གྱུར།
མཐའ་མཚམས་ས་ཁུལ་གྱི་བུད་མེད་དང་བྱིས་པའི་བདེ་སྲུང་བྱ་གཞག་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ཀྱི“མ་བུ་བདེ་ཐང”གི་རེ་བ་སྐོང་ཆེད། 2023ལོའི་ཟླ་3པར་ལི་མན་ཝན་གྱིས་མུ་མཐུད་བོད་སྐྱོར་བྱ་རྒྱུའི་རེ་འདུན་ཞུས།
ཁོང་གི་རོགས་རམ་དང་མཐུན་སྦྱོར་འོག་ལྷུན་རྩེ་རྫོང་མི་དམངས་སྨན་ཁང་གི་མོ་ནད་དང་བུ་བཙའི་ཚན་ཁག་གིས་མོ་ནད་ཚན་ཁག་དང་། བུ་བཙའི་ཚན་ཁག འཆར་ལྡན་བུ་བཙའི་ཚན་ཁག བདེ་སྲུང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ནད་ཐོག་སྨན་བཅོས་ཚན་ཁག་བཙུགས་ནས་ནད་ཐོག་སྨན་བཅོས་ཀྱི་རོགས་ཁྲིད་དང་། སྒོ་བསྟེན་སྨན་བཅོས་དང་བརྟག་དཔྱད། ནད་ཐོག་སྨན་བཅོས་དང་གཤགས་བཅོས། ཚན་ཁག་དོ་དམ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་མོ་ནད་དང་བུ་བཙའི་ཚན་ཁག་གི་སྨན་བཅོས་ཆུ་ཚད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
མོ་ནད་དང་བུ་བཙའི་ཚན་ཁག་གི་སྒོ་བསྟེན་སྨན་ཁང་དང་ནད་སྡོད་ཁང་དུ་སྐྱོད་སྐབས་ཁང་པ་དཀར་ཆ་དོད་ལ་གཙང་ཞིང་གྲལ་འགྲིག་པ་དང་། སྨན་པས་གོ་རིམ་ལྡན་པའི་ངང་སྨན་བཅོས་བྱེད་པ། ནད་པས་རང་འགུལ་ངང་བང་བསྒྲིགས་ནས་སྨན་པ་བསྟེན་པ། སྨན་བཅོས་ཁང་དང་། གཤགས་བཅོས་ཁང་། ཚད་ལྡན་ཅན་གྱི་བུ་བཙའ་ཁང་། སྦྲུམ་མའི་སློབ་གྲྭ ཕྲུ་གུ་དམར་འབྱར་གྱི་ལུས་བཀྲུ་དང་ཆུ་རྐྱལ་སྒྲིག་ཆས་སོགས་ཧ་ཅང་ཆ་ཚང་པོ་འདུག
ལྷུན་རྩེ་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལི་མན་ཝན་གྱིས་ཕྱོགས་མང་པོའི་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་མོ་ནད་དང་བུ་བཙའི་ཚན་ཁག་གི་ཆུ་ཚད་མཐོ་བའི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།