“ཇ་སྟོན་བཤམས·གནམ་འོག་མཐུན”དང་ཀྲུང་གོའི་ཡུན་ནན་རིག་གནས་དང་ཡུལ་སྐོར་ཁྱབ་གདལ་བྱེད་སྒོ་འབར་མར་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རང་ཀོང་ནས་ཟླ་8ཚེས་9ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་9ཉིན་འབར་མའི་རང་ཀོང་དུ“ཇ་སྟོན་བཤམས·གནམ་འོག་མཐུན”དང་ཀྲུང་གོའི་ཡུན་ནན་རིག་གནས་དང་ཡུལ་སྐོར་ཁྱབ་གདལ་བྱེད་སྒོ་གཉེར་བ་རེད། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་མི་སྣ་སོགས་མི་བརྒྱ་ལྷག་ཙམ་བྱེད་སྒོར་ཞུགས་ཡོད།
ད་ཐེངས་ཀྱི་བྱེད་སྒོ་ནི་རང་ཀོང་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་ཞིག་རེད། ས་གནས་ས་ཐོག་གི་བྱེད་སྒོའི་ནང་ཀྲུང་གོ་དང་འབར་མའི་གླུ་གར་འཁྲབ་སྟོན་དང་། “ཇ་སྟོན་བཤམས·ཡུན་ནན་གྱི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན” ཡུན་ནན་གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་འགྲེམས་སྟོན། ཇའི་ཐོན་རྫས་འགྲེམས་སྟོན། མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་འགྲེམས་སྟོན་སོགས་ཚུད་ཡོད་པ་རེད།
འབར་མའི་གསོལ་མགྲོན་ཁང་དང་ཡུལ་སྐོར་པུའུ་ཀྲང་ཏེ་ཏེ་ཁའེ་ཡིས། ད་ཐེངས་ཀྱི་བྱེད་སྒོ་ནི་འབར་མ་དང་ཀྲུང་གོའི་རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཀྲུང་གོའི་སྲོལ་རྒྱུན་ཇའི་རིག་གནས་ཁྱབ་གདལ་གཏོང་བའི་བྱེད་སྒོ་གལ་ཆེན་ཞིག་ཀྱང་རེད་ཅེས་བཤད་པ་རེད།