སྦྲང་ནོར་བུ་ཆུང་ཆུང་གསོས་ནས་ཕྱུག་འགྱུར་ལམ་ཆེན་དུ་བསྐྱོད་པ།
བོད་ཀྱི་སྦྲང་ནོར་བུ་གསོ་ཚགས་བྱ་གཞག་འཕེལ་རྒྱས་བཏང་ནས་ལོ་20སོང་བའི་སྐོར་རགས་ཙམ་བཀོད་པ།
“སྦྲང་ནོར་བུ་གསོ་ཚགས་བྱེད་པ་ནི་ངས་བྱས་པའི་གདམ་ག་ཡག་ཤོས་ཤིག་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་གཙང་གྲོང་གྲོང་ཚོའི་སྦྲང་ནོར་བུ་གསོ་མཁན་བག་བྲོས་བཤད། ཁོང་ནི་དེ་སྔ་གྲོང་ཚོར་སྐད་གྲགས་ཡོད་པའི་དུད་ཚང་དབུལ་པོ་ཞིག་རེད། སྦྲང་ནོར་བུ་གསོ་སྟངས་སྦྱངས་ནས་སྦྲང་ནོར་བུ་གསོ་ཚགས་ལས་རིགས་གཉེར་རྗེས་ལོ་ལྟར་ཁོང་གི་ཁྱིམ་ཚང་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་ནས་དབུལ་པོའི་གནས་ལས་གྲོལ་བ་དང་། ཕྲུ་གུ་གཉིས་སློབ་ཆེན་ལ་བཏང་བ་མ་ཟད། ད་དུང་ལྷ་སར་ཁང་པ་ཉོ་བའི་ཁོང་གི་ཕུགས་འདུན་ཡང་མངོན་འགྱུར་བྱུང་ཡོད།
བག་བྲོ་ནི་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་སྦྲང་ནོར་བུ་གསོ་ཚགས་རྣམ་གྲངས་ཚོགས་ཆུང་གིས་གསོ་སྐྱོང་སྔ་ཤོས་བྱས་པའི་བོད་རིགས་སྦྲང་གསོ་བའི་གྲས་ཤིག་རེད། མིག་སྔར་ཁོང་གི་ཁྱིམ་ལ་སྦྲང་ནོར་བུའི་ཁྱུ་ཚོགས་160ཡོད་པ་དང་སྦྲང་ནོར་བུ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་པ་མ་ཟད་སྦྲང་གསོ་བ་4གསོ་སྐྱོང་ཡང་བྱས་ཡོད།
བོད་དུ་སྦྲང་ནོར་བུ་དམངས་ཕྱུག་ཐོན་ལས་སུ་གྱུར་པ་དེའང་ལོ་བཅུ་གྲངས་འདི་དག་རིང་གི་གནས་ཚུལ་ཞིག་ཡིན་མོད། འོན་ཀྱང་སྦྲང་ནོར་བུ་གསོ་བའི་བསམ་བློ་སྔ་ཤོས་འཁོར་མཁན་ནི་ལྗོངས་ཞིང་ལས་ཚན་རིག་ཁང་གི་ལག་རྩལ་མི་སྣ་ཡིན་པ་དང་དེའང་2004ལོ་ནས་འགོ་ཚུགས་པ་རེད།
ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་སྦྲང་ནོར་བུ་གསོ་ཚགས་རྣམ་གྲངས་ཚོགས་ཆུང་གི་འགན་འཁུར་བ་བཀྲ་ནོར་གྱིས“སྐབས་དེ་དུས་ནུབ་ཕྱོགས་ཀྱི་སྦྲང་ནོར་བུ་བོད་དུ་ཐོན་ཐེངས་དང་པོ་རེད་ལ། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཚན་རྩལ་མི་སྣས་ནུབ་ཕྱོགས་ཀྱི་སྦྲང་ནོར་བུ་ས་བབ་མཐོ་བའི་ས་ཁུལ་དུ་གསོ་ཚགས་བྱེད་ཐུབ་མིན་གྱི་ཞིབ་འཇུག་ཐེངས་དང་པོ་བྱེད་འགོ་ཚུགས་པ་རེད”ཅེས་ངོ་སྤྲོད་བྱས། སྐབས་དེ་དུས་ལྗོངས་ཞིང་ལས་ཚན་རིག་ཁང་གིས་རང་གྲབས་གྲོན་དངུལ་སྒོར་5000བཏང་ནས་ནུབ་ཕྱོགས་ཀྱི་སྦྲང་ནོར་བུའི་ཁྱུ་ཚོགས་35ཉོས་རྗེས་ས་གནས་དེ་གའི་ཞིང་པ་3ལ་སྦྲང་ནོར་བུ་གསོ་སྟངས་སྦྱོང་བའི་སློབ་གསོ་བཏང་ནས་བོད་ཀྱི་སྦྲང་ནོར་བུ་གསོ་ཚགས་བྱ་གཞག་གི་སྲོལ་བཏོད་པ་རེད།
2006ལོར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་སྦྲང་ནོར་བུ་གསོ་ཚགས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་135དོན་འཁྱོལ་བྱས་ནས་སྦྲང་ནོར་བུའི་ཁྱུ་ཚོགས་2000འཕེལ་རྒྱས་བཏང་བ་དང་ས་གནས་དེ་གའི་སྦྲང་གསོ་བ་70ལྷག་ཙམ་གསོ་སྐྱོང་བྱས་པ་རེད།
དེའི་རྗེས་ཀྱི་ལོ་བཅུའི་རིང་བོད་ཀྱི་སྦྲང་ནོར་བུ་གསོ་ཚགས་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པའི་རྫོགས་ལྡན་དུས་འཆར། ལྷག་པར་དུ་2017ལོར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་སྦྲང་ནོར་བུ་གསོ་ཚགས་རྣམ་གྲངས་ཚོགས་ཆུང་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་ལ་ཞུགས་རྗེས། རྒྱལ་ཡོངས་ཀྱི་ལས་རིགས་གཅིག་པའི་རིགས་གཅིག་མཁས་ཅན་གྱི་ལག་རྩལ་མཛུབ་ཁྲིད་འོག་སྤུས་འབྲས་ལེགས་གཉེར་དང་། ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་། རྩལ་ནུས་གསོ་སྦྱོང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་སོགས་ཀྱིས་བོད་ཀྱི་སྦྲང་ནོར་བུ་གསོ་ཚགས་བྱ་གཞག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་བོད་ཀྱི་སྦྲང་ནོར་བུ་གསོ་ཚགས་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་མཚམས་སུ་སླེབས་པ་རེད། ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་སོགས་སུ་ནུབ་ཕྱོགས་ཀྱི་སྦྲང་ནོར་བུ་གསོ་སྟངས་དཔེ་སྟོན་ཁྱབ་གདལ་གཏོང་བའི་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་བཏང་ཡོད། མིག་སྔར་རང་ལྗོངས་ཀྱི་ནུབ་ཕྱོགས་ཀྱི་སྦྲང་ནོར་བུ་གསོ་ཚགས་གཞི་ཁྱོན་ཁྱུ་ཚོགས་ཁྲི་1ཡན་ཟིན་པ་དང་ལོ་རེར་སྦྲང་རྩི་ཏུན་300ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། ལྗོངས་ཡོངས་ཀྱི་སྦྲང་ནོར་བུ་གསོ་ཚགས་བྱ་གཞག་གི་ལོ་རེའི་ཐོན་འབབ་སྒོར་ཁྲི་8000ཡན་ཟིན་གྱི་ཡོད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཉི་སྐྱིད་སྦྲང་ནོར་བུ་གསོ་ཚགས་མཉམ་ལས་ཁང་དང་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་མཚོ་ལྷ་དཀར་པོ་སྦྲང་ནོར་བུ་གསོ་ཚགས་མཉམ་ལས་ཁང་སོགས་སྦྲང་ནོར་བུ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཅུ་ལྷག་ཙམ་བཙུགས་པ་དང་ཆབས་ཅིག“མཚན་མོའི་བུང་སྒྲ”སོགས་སྦྲང་ནོར་བུའི་ཐོན་རྫས་ཀྱི་འབྲེལ་ཡོད་ཁེ་ལས་ཁག་གཅིག་ཀྱང་གཅིག་རྗེས་གཉིས་མཐུད་ངང་བོད་དུ་རྐང་པ་ཚུགས་ཡོད།
“བོད་ཀྱི་སྦྲང་རྩི་སྨིན་ཚད་མཐོ་བ་དང་། བརླན་ཚད་དམའ་བ། སྐུལ་ཤུགས་ཆེ་བའི་རྩབས་རྒྱུ་མཐོ་བ། སྨན་རྫས་ལྷག་ལུས་མེད་པ་བཅས་ལས་ང་ཚོས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དང་གོང་དཀར་རྫོང་གི‘སྦྲང་རྩིའི་ཡུལ་སྐོར’གྱི་ཚོང་གཉེར་བྱེད་སྟངས་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་བར་བོད་ཀྱི་མཛེས་ལྗོངས་མྱོང་རོལ་བྱེད་པ་དང་ཆབས་ཅིག བོད་ཀྱི་སྦྲང་རྩིའི་བྲོ་བ་མྱོང་བའི་ཐབས་ལམ་ལ་བརྟེན་ནས་ས་གནས་དེ་གའི་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱེད་ཀྱི་ཡོད”ཅེས“མཚན་མོའི་བུང་སྒྲའི”འགན་འཁུར་བ་ཀྲང་ལེང་ཧྥུའུ་ཡིས་བཤད། ད་ཆ་མང་ཚོགས་དེ་བས་མང་བས་སྦྲང་ནོར་བུ་གསོ་ཚགས་བྱ་གཞག་གཉེར་འགོ་ཚུགས་ཡོད། སྦྲང་ནོར་བུའི་སྤུས་ལེགས་རྒྱུད་པ་ནང་འདྲེན་དང་སྔོན་ཐོན་གྱི་གསོ་ཚགས་ལག་རྩལ་དང་དོ་དམ་ཉམས་མྱོང་སྦྱོང་བ་ནི་སྦྲང་ནོར་བུ་གསོ་མཁན་ལ་ངེས་པར་དུ་མཁོ་བའི་ཐབས་མཆོག་ཅིག་རེད། གཞི་ཁྱོན་ཅན་གྱི་གསོ་ཚགས་དང་དེང་རབས་ཅན་གྱི་དོ་དམ་མངོན་འགྱུར་ནི་སྦྲང་ནོར་བུ་གསོ་ཚགས་བྱ་གཞག་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་རེད། མིག་སྔར“མཚན་མོའི་བུང་སྒྲ”ཡིས་རང་འགུལ་ཅན་གྱི་གསོ་ཚགས་སྒྲིག་ཆས་དང་དོ་དམ་མ་ལག་ཁག་གཅིག་ནང་འདྲེན་བྱས་པ་དེས་སྦྲང་ནོར་བུ་གསོ་ཚགས་ཀྱི་ལས་ཕྱོད་ཆེ་རུ་དང་སྦྲང་རྩིའི་ཐོན་འབབ་ཤུགས་ཆེན་འཕར་རྒྱུ་རེད།
“བློས་འགེལ་ཆོག་པའི་སྤུས་ཚད་དང་དེ་བཞིན‘ཚན་རྩལ+སྣེ་འདྲེན་ཁེ་ལས+མཉམ་ལས་ཁང’དང‘སྦྲང་ནོར་བུའི་ཡུལ་སྐོར’སོགས་ཀྱི་ཚོང་གཉེར་བྱེད་སྟངས་དང‘སྲིད་གཞུང+སྣེ་འདྲེན་ཁེ་ལས+སྦྲང་གསོའི་ཞིང་པ’སོགས་སྔོན་ཐོན་གྱི་ཚོང་གཉེར་བྱེད་སྟངས་ལས་བོད་ཀྱི་སྦྲང་ནོར་བུའི་ཐོན་རྫས་ཕྱིར་ཚོང་ཁྲོམ་ར་ལོ་རེ་བཞིན་རྒྱ་ཆེར་ཕྱིན་ཡོད། སླད་ཕྱིན་ང་ཚོས་ལག་རྩལ་གསར་པ་དང་། སྒྲིག་ཆས་གསར་པ། བཟོ་རྩལ་གསར་པ་བཅས་རྒྱུན་ཆད་མེད་པར་ནང་འདྲེན་བྱས་ནས་ཐོན་ལས་རིམ་སྤོར་དང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་གི་ཡིན་ལ། ཚན་རྩལ་གསར་གཏོད་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦྲང་གསོའི་ལག་རྩལ་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས་སྦྲང་རྩིའི་སྤུས་ཚད་དང་ཐོན་འབབ་ཀྱང་འཕར་བ་བྱེད་ཀྱི་ཡིན”ཞེས་བཀྲ་ནོར་གྱིས་བཤད།