རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་པོའི་ནང་བོད་ཀྱིས་སླར་ཡང་གྲུབ་འབྲས་གསར་པ་བཏོད་པ།
གྲོ་མོ་རྫོང་སློབ་འབྲིང་གི་རྣམ་གྲངས་གཉིས་ལ་འགྲན་བསྡུར་ཆེན་པོའི་བྱ་དགའ་ཨང་གསུམ་པ་ཐོབ་པ།
ཉེ་ཆར། རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་པོ་སྐབས་38པའི་མཐའ་མའི་དཔྱད་བསྡུར་བྱེད་སྒོ་ཐེན་ཅིན་དུ་མཇུག་འགྲིལ་བ་རེད། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་སློབ་འབྲིང་གི《བོད་རིགས་ས་ཁུལ་གྱི་འབྲོག་པས་རི་སྐྱེས་སྲོག་ཆགས(གསའ)ལ་བཟོད་བསྲན་བྱེད་ཚད་དང་སྲུང་སྐྱོབ་ཐད་ཀྱི་ཞིབ་འཇུག》དང《བོད་ཀྱི་ཕག་རིའི་འབྲུག་མཁྲིས་མེ་ཏོག་དང་སྡོང་ལོའི་གསོན་ཤུགས་ཞིབ་བསྡུར་དང་། དེ་བཞིན་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐད་ཀྱི་འཚོལ་ཞིབ》རྣམ་གྲངས་གཉིས་ལ་འགྲན་བསྡུར་ཆེན་པོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། དེས་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་པོའི་ནང་གི་བོད་ཀྱི་གྲུབ་འབྲས་གསར་པ་བཏོད་ཡོད་ལ། འགྲན་བསྡུར་ཆེན་པོའི་ནང་རང་ལྗོངས་ལ་བྱ་དགའ་གཉིས་དུས་གཅིག་ཏུ་ཐོབ་ཐེངས་དང་པོའང་རེད།
ད་རེས་བྱ་དགའ་ཐོབ་པ་དེ་ཧྲང་ཧའེ་ཡི“ས་བོན་ཚན་སློབ་བོད་སྐྱོར”རྣམ་གྲངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་ལས་བྱུང་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་ལེ་དབྱང་ཧུང་ཧྲུའུ་ལིན་དགེ་སྒྲུབ་སྤྱི་ཕན་ལྟེ་གནས་ཀྱིས་དུས་རབས་ཀྱི་མིག་དཔེ་དགེ་རྒན་ཆེ་མོ་བ་ཀྲུང་ཡང་གི“ས་བོན་གྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་། “ཀྲུང་ཡང་ས་བོན་ཚོད་ལྟ་ཁང”དང“ས་བོན་ཚན་རིག་ས་ཚིགས”གཞི་རྟེན་དུ་བྱས་པ། ཧྥུའུ་ཏན་སློབ་ཆེན་དང་པེ་ཅིང་གྲོང་ཁྱེར་སྐྱེད་ཚལ་སྔོ་འགྱུར་ཚན་རིག་ཞིབ་འཇུག་ཁང་སོགས་འབྲེལ་ཡོད་ཚན་པའི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ཏེ“ས་བོན་གྱི་སྙིང་སྟོབས”དེ་ཚན་རིག་སློབ་ཚན་དང་། ཚན་རིག་ཚོད་ལྟ། ཚན་རིག་འཚོལ་ཞིབ་བཅས་དང་མཉམ་འདྲེས་དམ་ཚགས་བྱས་ནས་གྲོ་མོ་རྫོང་སློབ་འབྲིང་གི་སློབ་མ་ཚོར་ཕུགས་འདུན་སྒྲུབ་པར་ཚན་རིག་གི་གཤོག་ཟུང་བསྒར་ཡོད།