དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐུན་སྒྲིལ་ལམ་བུར་བརྩེ་བ་ཟབ།

    ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་བདུན་ཅུ་འཁོར་བར་དྲན་གསོ་ཞུ་བའི་སྐོར་གྱི་སྒྲིལ་གླེང་གཉིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-14

    ལོ་70ཡི་རིང་། ཁྲོན་བོད་དང་མཚོ་བོད་གཞུང་ལམ་སོགས་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་སྟེ། གངས་ལྗོངས་ས་མཐོ་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དབར་འབྲེལ་བ་དམ་ཟབ་བྱུང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་རོལ་དབྱངས་མང་པོ་བརྩམས་ཡོད།

    བརྩེ་བས་ཕྱུག་པའི《གོས་འཁྲུའི་གླུ་གཞས》དུས་ད་བར་དུའང་བཏང་དང་གཏོང་བཞིན་པ།

    ལྷོ་རིའི་སྟེང་ཚང་ཚིང་དུ་སྐྱེས་པའི་རྩྭ་རྩི་ཤིང་སྣ་ཚོགས་ཀྱི་རྒྱན་སྤྲོས་འོག་ཡིད་དུ་འོང་བའི་ལྷ་ས་སྐྱིད་ཆུའི་ངོགས་སུ་འགྱིང་ངེར་གནས་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་དེ་བས་བརྗིད་ཉམས་ལྡན་པ་ཞིག་མངོན། རྡོ་རིང་གི་རྒྱབ་ངོས་སུ“རྒྱལ་ཁབ་བཙུགས་མ་ཐག་པའི་སྐབས་སུ་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་མངོན་འགྱུར་དང་། མི་རིགས་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ། ལྷོ་ནུབ་མཐའ་མཚམས་འཛུགས་སྐྲུན་བཅས་བྱ་ཆེད། ཀྲུང་དབྱང་གིས་བོད་བཅིངས་འགྲོལ་གཏོང་བ་དང་། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་རྒྱུའི་བཀའ་བསྩལ་ཡོད”ཅེས་བྲིས་ཡོད།

    “སུ་ཞིག་གིས་ང་ཚོར་གཞུང་ལམ་བཟོ་རོགས་བྱས་སམ། སུ་ཞིག་གིས་ང་ཚོར་ཟམ་པ་སྐྲུན་རོགས་བྱས་སམ། དེ་ནི་གཉེན་ཉེ་བཅིངས་འགྲོལ་དམག་དང་མགོན་སྐྱབས་གུང་ཁྲན་ཏང་རེད། དམག་དམངས་མ་གཞི་ནས་ཁྱིམ་ཚང་གཅིག་རེད། ང་ཚོར་གྱོན་གོས་བཀྲུ་རོགས་བྱེད”

    དུས་རབས་20པའི་ལོ་རབས་60པར་གསར་གཏོད་བྱས་པའི《གོས་འཁྲུའི་གླུ་གཞས》ཀྱིས་གླུ་དང་། ཞབས་བྲོ། ཟློས་གར་འཁྲབ་སྟོན་བཅས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་སྒྲ་དང་། རོལ་དབྱངས། བརྩེ་དུང་བཅས་གཞི་གཅིག་ཏུ་བསྡུས་ཏེ་མི་རིགས་མཐུན་སྒྲིལ་དང་དམག་དམངས་མཐུན་སྒྲིལ་ལ་བསྟོད་པ་འབུལ་གྱི་ཡོད།

    ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་དང་ཐ་ན་བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་དམག་དམངས་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་འབད་འཐབ་བྱས་པའི་ལོ་རྒྱུས་ཤིག་རེད། དཔོན་དམག་མི་རབས་ནས་མི་རབས་བར་གྱིས་བོད་དུ་བཅའ་སྡོད་དང་། བོད་སྲུང་སྐྱོང་། བོད་འཛུགས་སྐྲུན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གཞུང་ལམ་དང་པོ་དང་། སློབ་གྲྭ་དང་པོ། གནམ་ཐང་དང་པོ། གློག་ཁང་དང་པོ་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་བསྐྲུན་ཡོད།

    གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་ཚེ་རིང་ཆོས་སྒྲོན་དང་། བདེ་སྐྱིད། ཕུར་ཚེ་བཅས་བོད་རིགས་གཅེན་གཅུང་གསུམ་པོས་1982ལོ་ནས་བཟུང་བྲག་ཉག་སོ་ལྟ་ཁང་དང་མཛེས་ལེགས་ལ་སོགས་ས་བབ་མཐོ་ཚད་སྨི་4500ཡན་གྱི་སོ་ལྟ་ས་ཚིགས་དྲུག་ལ་རིམ་རྩིས་བྱས་ན་ཚལ་ཏུན་བརྒྱ་ལྷག་ཙམ་བསྐྱལ་བ་དང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་དུ་ཨ་མ་རྒན་མོ་དབང་ཕྱུག་སྒྲོལ་མས་ལོ་60ལྷག་ཙམ་རིང་ཉིན་གཅིག་ལྟར་དམག་བཀུར་ལ་འབད་པ་ལྷུར་ལེན་གྱིས་བཅའ་སྡོད་བྱ་ཡུལ་གྱི་དཔོན་དམག་རྣམས་རང་ཉིད་ཀྱི་གཉེན་ཉེར་བརྩིས་ནས་ལྟ་རྟོག་བྱས་པ། ནག་ཆུ་གྲོང་ཁྱེར་དུ་འབྲོག་པ་ཕུན་ཚོགས་ཀྱིས་ས་གནས་དེ་གའི་མི་དམངས་དྲག་ཆས་པུའུ་ཡིས་ཁོང་ལ་དབུལ་སྒྲོལ་བྱེད་རོགས་བྱས་པར་དྲིན་ལན་འཇལ་ཆེད། རང་ཉིད་ཀྱི་སྐྱེལ་འདྲེན་རླངས་འཁོར་བཏང་ནས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ནང་མ་བསྐུལ་དང་བླངས་ཀྱིས་ཞུགས་པ་སོགས་ཀྱི་དཔེ་མཚོན་བགྲང་གིས་མི་ལངས་པ་ཡོད་ཅིང་། སྦྱོང་བརྡར་དང་། ནང་སྦྱོང་། ཐོན་སྐྱེད་སོགས་ལ་རིན་མེད་ངང་ས་ཆ་མཁོ་སྤྲོད་བྱེད་པ་ནས་གཟིགས་སྐྱོང་བཀོད་སྒྲིག་གི་སྲིད་ཇུས་དོན་འཁྱོལ་བྱེད་པའི་བར་དང་། དེ་ནས་དམག་དཔུང་དང་མཉམ་དུ་ཡོད་པའི་ནང་མི་དང་བུ་ཕྲུག་ལ་ཐེམ་ཐོའི་འགྲོ་ལུགས་གཉེར་ཏེ་སློབ་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་བཅས་ཀྱི་བར་བྱ་བ་ཆུང་ཙག་མཐའ་དག་ནས《གོས་འཁྲུའི་གླུ་གཞས》ནང་གི་བརྩེ་བ་ཟབ་པའི་རྒྱུན་འཛིན་གསལ་བཤད་བྱས་ཡོད།

    སེམས་པ་གཅིག་ཏུ་སྦྲེལ་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་བཟང་བརྩམས་པ།

    ཇ་རྟའི་གནའ་ལམ་ཐོག་སྐད་གྲགས་ཡོད་པའི་གནའ་བོའི་གྲོང་རྡལ་ཤོ་པ་མདོ་ནི་ཁྲོན་བོད་ལམ་ཐིག་ཐོག་དར་མདོ་དང་ཆབ་མདོ་ཇི་བཞིན་མིང་གྲགས་ཁྱབ་པའི་གྲོང་རྡལ་ཆེན་པོ་གསུམ་གྱི་གྲས་ཤིག་རེད། ལོ་ངོ་སྟོང་ཕྲག་ལྷག་ཙམ་གྱི་རིང་དེ་གར་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་བདེ་སྡོད་ལས་བརྩོན་གྱི་གཏམ་བཟང་དར་ཁྱབ་བྱུང་ཡོད།

    ཤོ་པ་མདོ་གྲོང་རྡལ་གྱི་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་ཡལ་འདབ་རབ་ཏུ་རྒྱས་པའི་སྦྱར་པ་དང་རྒྱ་ལྕང་སྡོང་པོ་གཉིས་བརྩེ་དུང་ཟབ་པའི་ཁྱོ་ཤུག་ཟུང་དང་འདྲ་བར་འགྱིང་ངེར་སྐྱེས་ནས་ཡོད། ཤོད་སྲོལ་ལྟར་ན། “མཐུན་སྒྲིལ་གྱི་ཤིང་སྡོང”དེ་གཉིས་ནི་རྒྱ་བོད་གཉེན་སྒྲིག་བྱེད་མཁན་ཁྱོ་ཤུག་དང་པོ་དེ་གཉིས་ཀྱིས་བཏབ་པ་ཡིན་པ་དང་། མི་སེམས་འགུལ་བའི་གཏམ་རྒྱུད་དེ་དུས་ད་ལྟའང་རྒྱུན་མཐུད་བཞིན་ཡོད།

    ད་ལོ་ལོ་42ལ་སླེབས་པའི་སྤེན་གསལ་སྒྲོལ་མ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཤོ་པ་མདོ་བ་ཞིག་རེད། 2007ལོར་ཁོང་ལྷོ་རོང་རྫོང་གི་ཨར་སྐྲུན་ལས་ཡུལ་ཞིག་ཏུ་ཨར་པོ་རྒྱུག་སྐབས་སི་ཁྲོན་ནས་ཡིན་པའི་ཞལ་དཔོན་ལིའུ་ཡོན་ཧྲུའུ་དང་ངོ་ཤེས། ལིའུ་ཡོན་ཧྲུའུ་ཇ་བསྲུབས་མ་འཐུང་རྒྱུར་ཧ་ཅང་དགའ་པོ་ཡོད་སྟབས། ཁོམ་པ་ཡོད་རིམ་བཞིན་སྤེན་གསལ་སྒྲོལ་མའི་སར་ཇ་འཐུང་བར་འགྲོ་གི་ཡོད་པ་དང་ཞོར་དུ་ཁོ་མོར་ནང་ལས་ཀྱང་བྱེད་རོགས་བྱེད་ཀྱི་ཡོད། དེ་ལྟར་དུས་ཚོད་གང་འཚམ་སོང་རྗེས་ཁོ་གཉིས་དབར་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་བརྩེ་དུང་ཆགས་པ་རེད།

    ལིའུ་ཡོན་ཧྲུའུ་དང་སྤེན་གསལ་སྒྲོལ་མ་བཟའ་ཚོ་གཉིས་ལས་གཅིག་ནི་གཞུང་དྲང་ཞིང་ཁ་ཁུ་སིམ་པ་དང་གཅིག་ཤོས་ནི་མི་ཁ་རི་ཁ་ཐུག་ཅིག་རེད། རྣམ་ཀུན་སྤེན་གསལ་སྒྲོལ་མས་གཙོ་བོ་ནང་གི་འགན་ཁུར་ནས་ནང་ལས་གཙོས་ཕྲུ་གུ་གཉོར་སྐྱོང་བྱས་ཏེ་ཁྱིམ་ཚང་ཚ་སོབ་སོབ་བཟོ་ཡི་ཡོད་པ་དང་ཁོམ་པ་ཡོད་དུས་ཁྱིམ་གྱི་ཉེ་འགྲམ་དུ་ལས་ཀ་ཙག་ཙིག་བྱེད་པར་འགྲོ་གི་ཡོད། ལིའུ་ཡོན་ཧྲུའུ་ཡིས་གཙོ་བོ་ཕྱི་ཡི་འགན་ཁུར་ཞིང་། ལས་ཀ་ཧུར་ལ་འཇོན་ཐང་ཆེ་བའི་ཁོང་གིས་དུས་ཡུན་རིང་པོར་ཕྱིར་གླ་པ་རྒྱུག་པར་འགྲོ་ཡི་ཡོད། སེམས་པ་མཐུན་ན་བྱ་བ་ལས་ཀྱིས་སྒྲུབ་པའི་དཔེ་ལྟར་བཟའ་ཚོ་གཉིས་པོ་མི་སྨོན་རང་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད།

    ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་འདི་འདྲ་གང་སར་ཐོས་རྒྱུ་ཡོད།

    ས་བབ་མཐོ་ཚད་སྨི་5231ཡོད་པའི་གདང་ལའི་ལ་ཉག་ནི་མཚོ་བོད་གཞུང་ལམ་གྱི་མཐོ་ཤོས་རེད། “གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོ”ཞེས་འབོད་པའི་རྒྱལ་ལམ་109ཡི་ལམ་སྐྱོང་ས་ཚིགས་ནི་མཚོ་བོད་གཞུང་ལམ་ལས་བྱུང་བ་དང་མཚོ་བོད་གཞུང་ལམ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གནས་ཡོད། ལོ་70ཡི་རིང་། ལམ་སྐྱོང་ས་ཚིགས་ཀྱི་བཟོ་པ་མི་རབས་ནས་མི་རབས་བར་གྱིས་ས་མཐོ་པོ་དེ་རུ་བཅའ་སྡོད་ཀྱིས་རང་སྲོག་བློས་གཏོང་ལ་མི་འཛེམས་པར་མཁའ་དབྱིངས་སུ་ཆགས་པའི་ལམ་བུ་བསྲུངས་པ་དང་ལས་བཟང་བསྒྲུབས་ནས་རྒྱ་ལམ་འགྲུལ་པར་རོགས་རམ་བྱས་ཏེ་བརྩེ་བ་ཆེན་པོའི་གླུ་གཞས་བླངས་ཡོད།

    རྒྱལ་ལམ་109ཡི་བདག་སྐྱོང་ཤར་གཏོང་འགན་སྲུང་ས་ཚིགས་སུ་བཙུགས་པའི་ཞབས་ཞུའི་ཁུལ་དེ་གདང་ལའི་ཐོག་གི“གཅེས་སེམས་ས་ཚིགས”སུ་གྱུར་ཡོད། ཞབས་ཞུའི་ཁུལ་གྱིས་རིན་མེད་ངང་ཐབ་དང་། ཆུ་ཁོལ། གསོ་རླུང་། སྟབས་བདེའི་ཐུག་པ། ལ་དུག་འགོག་པའི་རྒུན་འབྲུམ་མངར་ཆ། སྨན་རྫས། དེ་བཞིན་གནས་སྐབས་ཞག་སྡོད་ཉལ་ཁྲི་སོགས་མཁོ་འདོན་བྱས་པ་དག་ཡག་པོ་དེ་ཙམ་མེད་རུང་དཀའ་ངལ་གྱི་གནས་སུ་གྱར་བའི་ཁ་ལོ་བ་དང་འགྲུལ་པའི་ལུས་པོ་གསོ་ཐུབ་པ་དང་ལ་དུག་སེལ་ཐུབ་ཀྱི་ཡོད།

    འདི་ག་ནས་རང་ཁྱིམ་དང་འདྲ་བར་ཡུལ་སྐོར་བ་མང་པོའི་ལུས་སེམས་ལ་དྲོ་སྐྱིད་སྦྱིན་ཐུབ་ཀྱི་ཡོད། རྒྱལ་ལམ་109ཡི་བདག་སྐྱོང་ཤར་གཏོང་འགན་སྲུང་ས་ཚིགས་ཀྱི་ཚོགས་ཁང་གི་གྱང་ལྡེབས་སུ་ས་གནས་ཁག་གི་མི་རྣམས་ཀྱིས་བསྐྱལ་བ་དང་བསྐུར་བའི་གོས་དར་དང་དེ་བཞིན་ལམ་སྐྱོང་ས་ཚིགས་ལ་ཐོབ་པའི་གཟི་བརྗིད་རྟགས་མ་སྣ་ཚོགས་བཀལ་ཡོད་པ་རེད། རྒྱལ་ལམ་109ཡི་བདག་སྐྱོང་ཤར་གཏོང་འགན་སྲུང་ས་ཚིགས་ཀྱི་ལས་བཟོའི་ངོས་ནས་བརྗོད་ན། དེ་དག་ནི་ཁོང་ཚོས་འགྲོ་འོང་བྱེད་མཁན་ལ་ལེགས་སྐྱེས་ཕུལ་བ་དང་ཞབས་འདེགས་ཞུས་པར་ཐོབ་པའི་གཟེངས་བསྟོད་ཆེ་ཤོས་ཤིག་རེད།

    སྙིང་སྟོབས་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་པ།

    མཚོ་བོད་མཐོ་སྒང་དུ་རི་མཐོ་གཡང་གཟར་མང་ལ་འགྲོ་ལམ་དཀའ་ཉེན་ཆེན་པོ་ཡོད།

    “ལམ་གང་དུ་བཟོས་པ་དེ་གར་ང་ཚོས་རོགས་སྐྱོར་བྱེད་ཀྱི་ཡོད”

    ལམ་བཟོ་རིང་སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མང་ཚོགས་ཧུར་ཐག་ཞུགས་ཡོད། སི་ཁྲོན་དཀར་མཛེས་ཀྲོའུ་ཡི་འབྲི་གཡག་6000དག་རོགས་སྐྱོར་དངོས་ཟོག་ཁག་དང་པོར་གྱུར་པ་དང་། བོད་རིགས་སྤུན་ཟླ་17000གིས་ཁྲོན་བོད་གཞུང་ལམ་འཛུགས་སྐྲུན་ནང་ལང་ཚོ་དང་ཁྲག་དྲོན་སྐྱེས་སུ་ཕུལ་ཡོད། དཀའ་ཚེགས་ཆེ་བའི་ལམ་བཟོའི་བརྒྱུད་རིམ་ལ་ཕྱིར་མིག་བལྟ་སྐབས་མི་རིགས་མཐུན་སྒྲིལ་མེད་ན“ལམ་གཉིས”བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་མི་སྲིད་པའི་མྱོང་ཚོར་ཟབ་མོ་མི་མང་པོར་བྱུང་ཡོད།

    ལོ་70ཡི་ནང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་བ་དང་དམག་དམངས་ཁྱིམ་ཚང་གཅིག་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རྒྱུན་ཆད་མེད་པར་བརྩམས་པ་མ་ཟད། དུས་རབས་ཀྱི་ནང་དོན་གསར་པའང་བསྣན་ཡོད།

    དེ་སྔ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ལ་བོད་རིགས་མི་དམངས་ཀྱིས“བདེ་སྐྱིད་ཀྱི་གསེར་ཟམ”དང“བཀྲ་ཤིས་པའི་འཇའ་ཚོན”ཞེས་བརྗོད་ཀྱི་ཡོད། ད་ཆ“གསེར་ཟམ”དང“འཇའ་ཚོན”མང་པོ་ཞིག་སྐལ་བཟང་མེ་ཏོག་ལྟར་རྩ་བ་ཚུགས་ནས་བཞད་ཡོད། བོད་དུ་བསྐྱོད་པའི“མཁའ་ལམ”རེ་རེས་བོད་ལ་མི་སྣ་དང་དཔལ་འབྱོར་གྱི་གསོན་ཤུགས་བསྣན་ཡོད། མིག་སྔར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12.33ཟིན་པའི་ནང་རིམ་མཐོའི་གཞུང་ལམ་སྤྱི་ལེ་1196ཡོད་པ་རེད། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་9.3ཟིན་པ་དང་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད། ལམ་བུར་བརྟེན་ནས་དར་རྒྱས་བྱུང་བ་དང་། ལམ་བུར་བརྟེན་ནས་ཕྱུག་པོ་ཆགས་པ། ལམ་བུར་བརྟེན་ནས་མཛེས་སྡུག་ལྡན་པར་གྱུར་ཡོད། ལམ་རྒྱུད་ཀྱི་དེ་སྔའི་རི་གྲོང་གི་གྲོང་མི་དབུལ་པོ་མང་པོ་ད་ཆ་བདེ་སྐྱིད་ཀྱི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།