བརྟན་བགྲོད་རྒྱང་འཁྱོལ་དང་འབད་འབུངས་མདུན་སྐྱོད་བྱེད།
རང་ལྗོངས་ཀྱིས་དཔལ་འབྱོར་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་བའི་སྐོར་བཀོད་པ།
དབུགས་རྡིག་སོགས་ས་མཐོའི་ཐབ་ཆས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱས་པ་དེས་མི་སེར་གྱི་འཚོ་བར་སྟབས་བདེ་བསྐྲུན་ཡོད། ལྷ་སའི་སྦི་རག་དང་ས་མཐོའི་རང་བྱུང་ཆུ་སོགས་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་ས་གནས་ཁག་ཏུ་ཕྱིར་ཚོང་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གྲོང་ཚོར་2023ལོར་ཡུལ་སྐོར་ཡོང་འབབ་ཁོ་ན་སྒོར་ཁྲི་236ཟིན་གྱི་ཡོད་པ་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན་ཞེས་བསྟན་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བ་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། འདི་ལོའི་ལོ་སྟོད་དུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1189.45ཟིན་ཡོད།
ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ།
དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་། འཛམ་གླིང་རིམ་པའི་མཛེས་ལྗོངས་ལམ་ཆེན་G219 ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྫོང་ཁོངས་སྤོ་བོ་དང་མེ་ཏོག་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱིས་ཡུལ་སྐོར་བ་ཁྲི་སྟོང་མང་པོའི་ཡིད་དབང་བཀུག་ཡོད།
ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནོར་བུ་ས་འོད་ཤུགས་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་འོད་ཤུགས་པང་ལེབ་མང་པོ་ལས་གྲུབ་པའི་སྒྲིག་གཤོམ་ཁུལ་གྱི་གཞི་ཁྱོན་རགས་ཙམ་ཆགས་ནས་སྤང་ལྗོངས་དེ“འོད་ཤུགས་རྒྱ་མཚོ་སྔོན་པོ”ལྟར་གྱུར་ཡོད།
དྲོད་ཚད་དམའ་བ་དང་། གནོན་ཤུགས་དམའ་བ། བརླན་གཤེར་ཆུང་བ་སོགས་གནམ་གཤིས་ཀྱི་ཁྱད་ཆོས་དང་མ་གནས་དམའ་བའི་ནུས་རྒྱུ་གཙང་མ་དེས་རང་ལྗོངས་ཀྱི་མཐོ་གསར་གྲངས་འཛིན་ཐོན་ལས་འཕེལ་རྒྱས་གཏོང་བར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད།
2023ལོར་རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5517ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་651ཟིན་ནས་83.7%དང་60%སོ་སོར་འཕར་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། གྲངས་འཛིན་དཔལ་འབྱོར་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་250ལྷག་ཙམ་ཟིན་པ་དང་19%འཕར་ཡོད། ལྗོངས་ཡོངས་ཀྱི་ནས་ཐོན་འབབ་ཏུན་ཁྲི་84ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་6.1%འཕར་ཡོད། ན་ནིང་སྔོ་ཚལ་དྲོད་ཁང་གི་ཐོན་འབབ་ཏུན་ཁྲི་88ཟིན་པ་དང་8.4%འཕར་ཡོད། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་ལས་དཔེ་སྟོན་གླིང་གིས་ནོར་གནག་རྒྱུད་བཟང་གསོ་ཚགས་དང་ནུས་ཆེའི་གསོ་སྤེལ་ལག་རྩལ་ལ་བརྟེན་ནས་ནོར་གནག་བཤས་གཏོང་བའི་དུས་ཚོད་ཆེས་ཆེར་ཐུང་དུ་བཏང་བ་དང་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད་པ་རེད།
གཞན་ཡང་རང་ལྗོངས་ཀྱིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་རྣམ་གྲངས་གལ་ཆེན་འགན་གཙང་ལེན་པ་དང་། ཆེད་དོན་ཚན་ཁག་ཞབས་ཞུ། གསལ་ཐོ་ཅན་གྱི་བཀོད་གཏོང་། གཙོ་གནད་རྣམ་གྲངས་མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་ཆོག་མཆན་སྤྲོད་པ། “ལྗང་མདོག་འགན་ལེན་བགྲོད་ལམ”སོགས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་འབྲེལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 2023ལོར་ཀྲུང་དབྱང་སྲིད་གཞུང་གིས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་800ཙམ་དོན་འཁྱོལ་བྱས་པ་དང་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་35%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་27.9%འཕར་ཡོད།
ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་འགག་གནད་སྒྲོལ་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ལ་དམིགས་པ་དང་གནད་དོན་ལ་དམིགས་ཏེ་སྒྱུར་བཅོས་བྱས་ཏེ། ཚོང་འགུགས་མ་འདྲེན་ལས་དོན་གནད་ལ་འཁེལ་བའི་སྒོ་ནས་ལེགས་པར་བསྒྲུབས་ཏེ་ཚོང་འགུགས་མ་འདྲེན་ལས་ཀའི་ཆུ་ཚད་མཐོ་རུ་དང་ལས་ཀའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 2023ལོར་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་570ཟིན་པ་དང་འདི་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་བསྡོམས་འབོར་དུད་ཚང་ཁྲི་51ལས་བརྒལ་ནས་13.9%འཕར་ཡོད།
དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་བ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་དུ་ལོ་80སླེབས་ལ་ཉེ་བའི་གནམ་གང་གིས་རིན་མི་དགོས་པའི་གཅིག་སྡུད་བསྙེན་བཀུར་ལོངས་སྤྱོད་བྱེད་ཀྱི་ཡོད། ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་ནད་ཆེན་ཕོག་པ་དང་འགུལ་སྐྱོད་སྟབས་བདེ་མེད་པའི་ནད་པར་དམིགས་ཏེ་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་སྨན་བཅོས་བྱེད་ཀྱི་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་སྒྱུར་བཅོས་ཟབ་གཏོང་བྱས་པ་བརྒྱུད་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།
“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”མུ་མཐུད་ལག་བསྟར་བྱས་ཏེ་སློབ་གྲྭའི་དྲོད་རླངས་མཁོ་འདོན་འདུ་འགོད་དང་། མཐའ་མཚམས་རྫོང་གྲོང་དང་ཤང་གྲོང་རྡལ་དུ་གསོ་རླུང་མཁོ་འདོན་བྱེད་པ། རྫོང་དང་ཆུས་གཞུང་བཙུགས་སྨན་ཁང་ལ་དྲོད་རླངས་མཁོ་འདོན་བྱེད་པ། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ནམ་དུས་རང་བཞིན་གྱི་ཆུ་ཆད་པ་སོགས་དམངས་འཚོའི་ལས་དོན་དངོས་ཁག་གཅིག་དངོས་སུ་བསྒྲུབས་ཏེ་ཆུ་དང་། གློག ལམ། འཕྲིན་གཏོང་། སྡོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་ཡོད།
མིག་སྔར་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་དྲོད་རླངས་མཁོ་འདོན་བྱས་ཡོད། ལམ་ཐག་སྤྱི་ལེ་ཁྲི་12ལྷག་ཙམ་ཟིན་པའི་གཞུང་ལམ་བཏིང་བ་དང་། རྫོང་དང་ཤང་དང་སྒྲིག་ཚང་གྲོང་ཚོ་ཚང་མར་སྣུམ་ནག་ལམ་དང་ཨར་འདམ་ལམ་བཏིང་བ། ལམ་ཐག་སྤྱི་ལེ་1105ཟིན་པའི་མྱུར་བགྲོད་གཞུང་ལམ་བཏིང་ཡོད།
2023ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་སྒོར་5300ལྷག་ཙམ་མང་དུ་སོང་བ་དང་36.5%འཕར་ཡོད། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་ནད་སོགས་ཡུལ་ནད་བཅོས་འདོད་ཡོད་རིགས་གང་ལེགས་བཅོས་པ་དང་བཅོས་དགོས་རིགས་གང་ཐུབ་བཅོས་པ་མ་ཟད། བྱིས་པའི་ལྷན་སྐྱེས་སྙིང་ནད་དང་ཞིང་འབྲོག་མང་ཚོགས་ཀྱི་སྐྱ་འགྲིབ་སྨན་བཅོས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་མང་བསྟུད་མར་95%ཡན་རྒྱུན་འཁྱོངས་ཐུབ་ཡོད།
ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་དམངས་འཚོའི་དོན་དངོས་རེ་རེ་བཞིན་རྒྱུན་ཆད་མེད་པར་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་ཆབས་ཅིག་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་བློ་སྟོབས་ཀྱང་སྔར་བས་ཆེ་རུ་སོང་ཡོད།
རང་འགུལ་ངང་སྒོ་དབྱེ་རྒྱ་སྐྱེད་ཧུར་ཐག་བྱས་པ།
“2023·ཀྲུང་གོའི་བོད་ཀྱི་འཕེལ་རྒྱས་གླེང་སྟེགས”དང་། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་དང་བཞི་པ་བཅས་བདེ་བླག་ངང་གཉེར་ཡོད།
ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དངོས་སུ་གཉེར་སྐྱོང་བྱས་པ། སྐྱིད་གྲོང་དང་། སྤུ་ཧྲེང་། འགྲམ་བཅས་ཀྱི་འགག་སྒོ་ཕྱོགས་གཉིས་ཀར་ཤར་གཏོང་ཐུབ་པ་སོགས་བྱུང་ཡོད།
སྒོ་དབྱེ་ནི་ས་ཁུལ་ཞིག་དར་རྒྱས་གོང་འཕེལ་ཡོང་བའི་ལམ་བུ་ཉག་གཅིག་ཡིན།
ཀྲུང་ནེ་རྒྱལ་ཁབ་གཉིས་པོས་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྐམ་ལམ་བགྲོད་ལམ་ཆེན་པོ་བཏོད་དེ་གཞིས་རྩེ་ནས་སྐྱིད་གྲོང་བར་གྱི་མཐོ་རིམ་གཞུང་ལམ་གྱི་དུས་འགོའི་ལས་དོན་བརྟན་པོའི་ངང་སྤེལ་ཡོད།
ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དང་། ཆབ་མདོའི་སྤང་མདའ། ཉིང་ཁྲིའི་སྨན་གླིང་། གཞིས་རྩེའི་ཞི་བདེ། མངའ་རིས་ཀྱི་དགུན་ས་སོགས་ཀྱི་གནམ་ཐང་འཁོར་སྐྱོད་བརྟན་པོ་བྱུང་ཡོད།
སྐྱིད་གྲོང་འགག་སྒོ་དེ་རྒྱལ་སྤྱིའི་རང་བཞིན་གྱི་གཞུང་ལམ་འགག་སྒོ་ཞིག་ཏུ་རྒྱ་སྐྱེད་བྱས་ཏེ་སྒོ་མོ་དབྱེ་བ་དང་། ལེགས་རྩེ་འགག་སྒོར་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བྱུང་བ། སྐྱིད་གྲོང་དང་། སྤུ་ཧྲེང་། འགྲམ་འགག་སྒོ་བཅས་སུ་འགྲུལ་པ་དང་དངོས་ཟོག་གཉིས་ཀ་ཤར་གཏོང་ཐུབ་ཅིང་། ཀྲུང་ནེའི་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་བྱ་ཡུལ་ཁག་གཅིག་སླར་གསོ་བྱས་ནས་སྒོ་ཕྱེ་ཡོད།
རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྒོ་དབྱེའི་མཉམ་ལས་གཏིང་ཟབ་ཏུ་བཏང་བ་བརྒྱུད་བོད་ཀྱི་ཐོན་རྫས་དེ་བས་མང་བ་ཕྱི་རྒྱལ་དང་འཛམ་གླིང་དུ་ཁྱབ་ཡོད། ན་ནིང་བོད་ཀྱིས་ཁྱོན་གཏེར་ཆུ་ཏུན་310ཕྱིར་གཏོང་བྱས་ནས་སིང་ཀ་ཕོར་དང་། ཁུ་ཝེ་ཐེ། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་མང་པོར་བཙོངས་ཡོད། ད་ལོའི་ཟླ་4པར་བོད་ཀྱི་ཀུ་ཤུ་ཏུན་23སྐྱིད་གྲོང་འགག་སྒོ་བརྒྱུད་ནེ་པ་ལར་ཕྱིར་གཏོང་བྱས་ཡོད།
2023ལོར་རང་ལྗོངས་ཀྱིས་རྒྱལ་ཁབ་དང་ས་ཁུལ་175ལ་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱས་ཤིང་། དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་138.3%འཕར་ཡོད། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མི་དམངས་ཤོག་སྒོར་སྒོར་དུང་ཕྱུར་28ཟིན་ནས་201.7%འཕར་ཡོད།
འགོ་འཛུགས་ས་གསར་པ་ནས་ཕུགས་རྒྱང་རིང་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་རྒྱང་ལྟ་བྱེད། རང་ལྗོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ལས་འགན་གཙོ་བོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་ཡག་པོ་རྩོམ་རྒྱུ་རེད།