དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ང་ཚོའི་ཁྱིམ་གཞིས། ལྗང་མདོག་དང་མཛེས་ལྗོངས་བསྣན་ནས་གྲོང་ཁྱེར་སྔར་ལས་གནས་སྡོད་ལ་འཚམ་པར་བྱས།

  • ཡོང་ཁུངས།  མི་དམངས་དྲ་བ།    |     སྤེལ་དུས།  2024-08-13

    ཉེ་ཆར། “ང་ཚོའི་ཁྱིམ་གཞིས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་དྲ་རྒྱའི་བརྗོད་བྱ་གཙོ་བོའི་བྱེད་སྒོའི་བཅར་འདྲི་ཚོགས་པ་ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་བསྐྱོད་པ་རེད། ལྷོ་རིའི་སྤྱི་གླིང་ནི་ལྷ་སའི་སྐྱིད་ཆུའི་ལྷོ་ངོས་སུ་གནས་ཤིང་། ཕོ་བྲང་པོ་ཏ་ལ་དང་གཙང་པོའི་ཕ་རོལ་ནས་ཕན་ཚུན་རྒྱང་ལྟ་བྱེད་ཐུབ། དེ་ནི་ལྷ་སའི་ལྷོ་བྱང་རི་བོའི་ནགས་བཟོ་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པའི་གྲུབ་འབྲས་ཀྱི་གྲས་ཤིག་རེད།

    ནན་ཧྲན་སྤྱི་གླིང་ནས་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱེད་པ།

    ལྷ་སའི་ལྷོ་བྱང་རི་བོའི་ནགས་བཟོའི་སྔོ་འགྱུར་ལས་གྲྭ་ནི་བོད་ལྗོངས་ཀྱི་གཞི་ཁྱོན་ཅན་གྱི་ནགས་བཟོའི་སྣོད་བཅུད་ཉམས་གསོའི་ལས་གྲྭ་གལ་ཆེན་ཐོག་མ་དེ་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་སྣོད་བཅུད་བདེ་སྐྱིད་ཆེ་རུ་གཏོང་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན་པ་དང་2021ལོར་ལས་འགོ་ཚུགས་པ་རེད། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྣེའུ་ཆུས་གསར་པ། སྟོད་ལུང་བདེ་ཆེན་དང་། སྟག་རྩེ། ཆུ་ཤུར། མལ་གྲོ་གུང་དཀར། ལྷུན་གྲུབ་རྫོང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ། གོང་དཀར་བཅས་རྫོང་(ཆུས་)9ཡི་ཞང་དང་གྲོང་རྡལ་35དང་འབྲེལ་བ་ཡོད་པ་རེད། འཆར་འགོད་ནང་ལོ་10ཡི་དུས་ཚོད་སྤྱད་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་གྱི་རྒྱ་ཁྱོན་མུའུ་ཁྲི་206.72ལེགས་འགྲུབ་བྱས་ནས། “ལོ་ལྔའི་རིང་རི་ཀླུང་སྔོ་ལྗང་དུ་བསྒྱུར་བ་དང་། ལོ་བཅུའི་རིང་ལྷ་ས་སྔོ་ལྗང་དུ་བསྒྱུར་ནས་ལྷ་ས་སྐྱེ་ཁམས་འཚོ་སྡོད་བདེ་བའི་ས་མཐོའི་ལྟེ་བའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་རྒྱུར་ཤུགས་རྒྱག་རྒྱུ་རེད།

    སྔོ་ཐིང་ཐིང་གི་ནན་ཧྲན་སྤྱི་གླིང་།

    ད་ལྟའི་བར། ལས་གྲྭ་དེས་ནགས་བཟོ་རྒྱ་ཁྱོན་མུའུ་ཁྲི་57ལྷག་ཙམ་བྱས་པ་དང་། ཤིང་སོན་ཁྲི་8600ལྷག་ཙམ་བཏབ་ཡོད་པ་རེད། “གོམ་སྟབས་རྗེས་མར་ང་ཚོས་ཆུས་དང་གྲོང་ཁྱེར་བཀོད་འདོམས་པུའུ་ཡི་བླང་བྱ་གཞིར་བཟུང་ཤུགས་ཚད་ཆེ་རུ་གཏོང་བ་དང་། བྱ་ཐབས་ལེགས་བཅོས། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ལྷོ་བྱང་རི་བོ་སྔོ་འགྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཕན་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་བྱ་རྒྱུ་ཡིན་”ཞེས་ལྷ་ས་གྲོང་ཁྱེར་ནགས་རྩྭ་ཅུས་ཏང་ཙུའི་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་སྐལ་བཟང་ནོར་བུ་ཡིས་དེ་ལྟར་ཟེར།

    བཀྲ་ཤིས་ཆོས་འཕེལ་ནི་ལྷོ་རི་སྤྱི་གླིང་གི་ལས་དོན་མི་སྣ་ཞིག་ཡིན་པ་དང་། གླིང་ཁུལ་གྱི་ཆུ་གློག་སྲུང་སྐྱོང་དང་ནགས་སྲུང་གི་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས་“སྤྱི་གླིང་ནང་གི་སྔོ་ཐིང་ཐིང་གི་ཤིང་སྡོང་དང་དྭངས་གཙང་གི་ཆུ་བོ་མཐོང་ཐེངས་རེར་ང་རང་གི་ཕ་ཡུལ་ལ་དེ་བས་དགའ་ཞེན་ཆེན་པོ་ཡོང་གིན་འདུག་”ཅེས་ཟེར།

    སྔོ་ཐིང་ཐིང་གི་ནན་ཧྲན་སྤྱི་གླིང་།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ། ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་ཉིན་རེར་གྲོང་མི་དང་ཡུལ་སྐོར་བ་3000ནས་5000བར་སླེབས་ནས། རིམ་བཞིན་སྤྲོ་གསེང་དང་ངལ་གསོ། ཡུལ་སྐོར་ལྟ་སྐོར། ལུས་སྦྱོང་རོལ་རྩེད་སོགས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་གནས་ཡུལ་དུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།