སི་ཁྲོན་དང་ཁྲུང་ཆིང་གི་ས་ཁུལ་དགུས་མཛེས་པའི་ཧྥུའུ་ཅང་གཙང་པོའི་མཉམ་གྲོས་མཉམ་སྐྲུན་ལམ་སྲོལ་འཛུགས་རྒྱུ་ཡིན་པ།
ཉེ་ཆར་སི་ཁྲོན་དང་ཁྲུང་ཆིང་གི་ས་ཁུལ་དགུས་སི་ཁྲོན་ཞིང་ཆེན་མན་དབྱང་གྲོང་ཁྱེར་དུ་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་འབྲེལ《སི་ཁྲོན་དང་ཁྲུང་ཆིང་གི་ས་ཁུལ་དགུས་མཛེས་པའི་ཧྥུའུ་ཅང་གཙང་པོ་མཉམ་དུ་བསྐྲུན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་དཔེ་མཚོན་སྒྲོམ་གཞི་གཏོད་རྒྱུའི་གྲོས་མཐུན》(གཤམ་དུ《གྲོས་མཐུན》ཞེས་བསྡུ་རྒྱུ)ལ་ཐུན་མོང་ཐོག་མིང་རྟགས་བཀོད་དེ། ཐེངས་དང་པོར་གྲོས་མཐུན་གྱི་རྣམ་པའི་ཐོག་ནས་མཛེས་པའི་ཧྥུའུ་ཅང་གཙང་པོ་མཉམ་སྐྲུན་བྱེད་རྒྱུའི་གཏན་འཁེལ་ཁ་གསལ་བྱས་ཡོད།
ཧྥུའུ་ཅང་གཙང་པོ་ནི་ཅ་ལིང་གཙང་པོའི་གཡས་ངོགས་ཀྱི་ཆུ་ལག་ཆེ་ཤོས་ཡིན་ཞིང་། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དང་། ཀོང་ཡོན་གྲོང་ཁྱེར། མན་དབྱང་གྲོང་ཁྱེར། ཏེ་དབྱང་གྲོང་ཁྱེར། སུའེ་ཉིང་གྲོང་ཁྱེར། ནན་ཁྲུང་གྲོང་ཁྱེར། དེ་བཞིན་ཁྲུང་ཆིང་གྲོང་ཁྱེར་གྱི་ཐུང་ནན་ཆུས་དང་། ཐུང་ལེང་ཆུས། ཧོ་ཁྲོན་ཆུས་བཅས་ཁྱོན་ས་ཁུལ་དགུ་བརྒྱུད་ཀྱི་ཡོད།
《གྲོས་མཐུན》ནང་སི་ཁྲོན་དང་ཁྲུང་ཆིང་གི་ས་ཁུལ་དགུས་མཛེས་པའི་ཧྥུའུ་ཅང་གཙང་པོ་བསྐྲུན་རྒྱུར་སྤྱི་འདོམས་བྱས་ཏེ། ཧྥུའུ་ཅང་གཙང་པོ་འབབ་རྒྱུད་ཀྱི་ཆུ་གཞུང་ཨ་མ་དང་། ཆུ་ལག སྟོད་རྒྱུད་སྨད་རྒྱུད། ངོགས་གཡས་གཡོན་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དོ་དམ་ཚོད་འཛིན་ལ་ཐུན་མོང་དམ་འཛིན། ས་མཚམས་བརྒལ་བའི་སྦགས་བཙོག་ཐུན་མོང་བཅོས་སྐྱོང་། མཛེས་པའི་གཙང་མཚོ་མཉམ་སྐྲུན། ལྗང་མདོག་ཕྱོགས་སྒྱུར་ལ་མཉམ་དུ་སྐུལ་འདེད། ཧྥུའུ་ཅང་གཙང་པོ་འབབ་རྒྱུད་ཧྲིལ་པོ་དང་ཁྱབ་ཁོངས་མང་པོའི་ཆུ་ཚད་མཐོ་བའི་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཛེས་པའི་གཙང་མཚོ་བསྐྲུན་པའི་ཞིང་ཆེན་བརྒལ་བའི་ལག་ལེན་དང་སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་ཁྱབ་ཁོངས་དང་ཁུལ་ཁོངས་སུ་མཉམ་ལས་བྱེད་པའི་དཔེ་མཚོན་གཏོད་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།