འཛམ་གླིང་ལ་ཡིད་ཆེས་འཕེར་བ་དང་། གཅེས་པར་འོས་པ། བརྩི་བཀུར་འོས་པ་བཅས་ཀྱི་ཀྲུང་གོ་ཞིག་མཐོང་དུ་འཇུག་པ།
“ཀྲུང་གོ་ནས་ང་ཚོར་ངོ་མཚར་མང་པོ་མཐོང་བྱུང”“མྱུར་བགྲོད་མེ་འཁོར་ཧ་ཅང་མགྱོགས་པས་ཧང་སངས་དགོས་པ་ཞིག་འདུག” “མི་ཚང་མ་མཛའ་ཞིང་མཐུན་པ་དང་། ཚང་མས་ང་ཚོར་རོགས་རམ་བྱེད་འདོད་བྱེད་ཀྱི་འདུག” དུས་སྐབས་ཤིག་རིང་། ཀྲུང་གོར་ཡུལ་སྐོར་དུ་ཡོང་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས“ཀྲུང་གོའི་ཡུལ་སྐོར”དང“ཀྲུང་གོར་སྐྱོད་པ”ཞེས་པ་དྲ་རྒྱ་དང་འབྲེལ་ལམ་སྨྱན་སྦྱོར་ཐོག་ཁྱབ་ཡོད་པ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཐག་ཉེ་ས་ནས་ཀྲུང་གོ་ཤེས་ཚོར་བྱས་པ་དང་ཆབས་ཅིག ཁོང་ཚོའི་མཐོང་ཐོས་མྱོང་གསུམ་མཉམ་སྤྱོད་བྱས་ཏེ་ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བས་དོན་དངོས་དང་། ཟུར་ཚད་མང་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཀྲུང་གོ་མཐོང་ཐུབ་པར་བྱས་ཡོད།
སྒོ་དབྱེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན། འཁྲུག་ཆ་དོད་པའི“ཀྲུང་གོའི་ཡུལ་སྐོར”ནི་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་བཏང་བ་ལས་བྱུང་བའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་རེད། ཀྲུང་གོའི་རྒྱལ་སྒྲོལ་ཐོངས་མཆན་གཉེར་མི་དགོས་པའི“གྲོགས་ཚོགས”མུ་མཐུད་ཆེ་རུ་ཕྱིན་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བ་ཡོང་འདོད་ན་ཡོང་ཆོག་ཆོག་བཟོས་ཡོད། ན་ནིང་ཟླ་བཅུ་གཉིས་པ་ནས་བཟུང་། ཀྲུང་གོས་སྔ་རྗེས་སུ་ཧྥ་རན་སེ་དང་། འཇར་མན། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་15ལ་ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱས་པ་དང་། སིང་ཀ་ཕོར་དང་། ཐེ་ལན། འཇོར་ཇི་ཡ་སོགས་རྒྱལ་ཁབ་དང་ཕན་ཚུན་ཐོངས་མཆན་མི་དགོས་པར་བཟོས་ཡོད། མིག་སྔར། ཀྲུང་གོའི་ཆུ་ཚོད་144ནང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱོད་འཐུས་ཀྱི་འགག་སྒོ་37བར་མང་དུ་བཏང་བ་མ་ཟད། ད་དུང་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པ་ཡུལ་སྐོར་མཚོ་གྲུར་བསྡད་དེ་རྒྱལ་ནང་དུ་ཡོང་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། ཀྲུང་གོས“ཉུང་འཕྲི་གསུམ་དང་རྩ་ཆག་གསུམ”གྱི་ཀྲུང་གོར་ཡོང་བའི་ཐོངས་མཆན་ལེགས་གཏོང་བྱ་ཐབས་བཏོན་པ་དང་། རྒྱལ་ཁབ་གཞན་གྱི་མི་ཀྲུང་གོར་ཡོང་བར་སྟབས་བདེ་སྐྲུན་པའི་བྱ་ཐབས་5ལག་ལེན་བསྟར་བ། རྒྱལ་ཁབ་གཞན་གྱི་མིས་སྒུལ་བདེའི་གཏོང་སྤྲོད་སྤྱོད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་ཏེ། རྒྱལ་ཁབ་གཞན་གྱི་མི་ཀྲུང་གོར་ཡོང་བར་རྒྱུན་ཆད་མེད་པར་སྟབས་བདེ་བསྐྲུན་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བའི་ཐོག་ནས་རྒྱལ་ཁབ་ཁག་དང་སྤེལ་རེས་མིག་ལྟོས་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ལྷག་བསམ་མངོན་ཡོད།
“ཀྲུང་གོའི་ཡུལ་སྐོར”གྱིས་མི་དེ་བས་མང་བ་ཀྲུང་གོའི་གཏམ་རྒྱུད་ཤོད་མཁན་དུ་འགྱུར་བར་སྐུལ་ཁྲིད་བྱས་ཡོད། འདི་ནི་ཀྲུང་གོའི་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གཏམ་རྒྱུད་ཅིག་རེད། པེ་ཅིང་གི་ལེང་མ་ཆུ་བོའི་མཚན་མོའི་གློག་སྒྲོན་དང་། ཧྲང་ཧའེ་ཁྲོམ་གཞུང་གི་ཞིམ་ཟས། ཧྲེན་ཀྲེན་གྱི་མི་མེད་གནམ་གྲུའི་ཉོ་སྐྱེལ་ཞབས་ཞུ། ཝུའུ་ཧན་གྱི་ཚན་རྩལ་གྱི་རྣམ་པས་ཕྱུག་པའི་འོད་རོང་མཁའ་དབྱིངས་མེ་འཁོར་སོགས། ཕྱི་རྒྱལ་གྱི་ཡུལ་སྐོར་བའི་མིག་ནང་གི་ཀྲུང་གོར་གསར་གཏོད་ཀྱི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རབ་ཏུ་འཕེལ་ཡོད། འདི་ནི་ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ལ་གཏིང་ཟབ་པའི་གཏམ་རྒྱུད་ཅིག་རེད། བརྟག་དཔྱད་ལས་མངོན་པར་གཞིགས་ན། བཅར་འདྲི་དང་ལེན་བྱེད་མཁན་བཅུ་ཆ་དྲུག་ལྷག་ཙམ་གྱིས“ཀྲུང་གོའི་རིག་གནས་ཉམས་ལེན་བྱེད”ཀྲུང་གོར་ཡུལ་སྐོར་དུ་ཡོང་བའི་དམིགས་ཡུལ་གཙོ་བོར་འཛིན་གྱི་ཡོད་པ་རེད།
“ཀྲུང་གོའི་ཡུལ་སྐོར”ལས་འཛམ་གླིང་ལ་ཡིད་ཆེས་འཕེར་བ་དང་། གཅེས་པར་འོས་པ། བརྩི་བཀུར་འོས་པ་བཅས་ཀྱི་ཀྲུང་གོ་ཞིག་མཐོང་དུ་བཅུག་ཡོད། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་རྗེས་མིག་གིས་ལྟ་ཞིབ་དང་། རྣ་བས་ཉན་པ། རྐང་པས་གཞལ་བ་བཅས་བྱས་ནས་ཀྲུང་གོར་དོན་དངོས་དང་མཐུན་པའི་རྒྱུས་ལོན་གསར་པ་བྱུང་བ་དག་ཀུན་ལ་མཉམ་སྤྱོད་བྱེད་ཀྱི་ཡོད། “མིག་མདུན་གྱི་ཀྲུང་གོ”དེ“ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁག་ཅིག་ཐོག་གི་ཀྲུང་གོ”དང“འཆར་སྣང་ཁྲོད་ཀྱི་ཀྲུང་གོ”གཉིས་དང་རྦད་དེ་མི་འདྲ་བ་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོའི་ཐུན་མོང་གི་མྱོང་ཚོར་ཡིན་པ་རེད། ཀྲུང་གོར་སླེབས་པ་དང་། ཀྲུང་གོ་མཐོང་བ། སེམས་རྣལ་དུ་ཕབ་ནས་ཀྲུང་གོ་ཤེས་རྟོགས་དང་མྱོང་ཚོར་བཅས་བྱས་ཚེ་གཞི་ནས་ཀྲུང་གོར་རྒྱུས་ལོན་དེ་བས་ཡག་པོ་བྱེད་ཐུབ་པ་དོན་དངོས་ཐོག་ནས་གསལ་པོར་བསྟན་ཡོད།
ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་ཕན་ཚུན་འབྲེལ་གཏུག་བྱེད་པའི་སྦྲེལ་ཐག་དམ་དུ་ཕྱིན་ཏེ། རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་སྒུལ་ཤུགས་གསར་པ་མུ་མཐུད་སྦྱིན་རྒྱུ་རེད། ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཡོང་བ་དང་། ཀྲུང་གོ་ཤེས་ཚོར། ཀྲུང་གོ་ཤེས་རྟོགས་བཅས་བྱས་ཏེ་ཀྲུང་ཕྱི་འགྲོ་འོང་གི་གསོན་ཉམས་དོད་པའི་གཏམ་རྒྱུད་དེ་བས་མང་བ་རྩོམ་རྒྱུ་དང་། གསོན་ཤུགས་ཀྱིས་ཁེངས་པའི་གཉིས་ཕན་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་བཙལ་རྙེད་ཐུབ་པར་ཀྲུང་གོས་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན།