དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་བཅོས་སྒྲིག་གཞི་ཁག་གི་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཧྲའོ་ཐི།   |     སྤེལ་དུས།  2024-08-13

    བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་ཞེས་པ་ནི་སྨན་བཅོས་སྒྲིག་གཞི་མི་འདྲ་བའི་དབར་གྱི་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པར་ཟེར། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། བརྟག་དཔྱད་སྣ་ཚོགས་ཀྱི་འགྲོ་གྲོན་གྱིས་ནད་པའི་སྨན་བཅོས་འགྲོ་གྲོན་ཡོངས་ཀྱི་བཅུ་ཆ་གསུམ་ཙམ་བཟུང་ཡོད་པ་རེད། དེར་བརྟེན་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་བཏང་ཚེ། ནད་པས་ཡང་བསྐྱར་བརྟག་དཔྱད་བྱེད་མི་དགོས་པར་སྨན་བཅོས་ཀྱི་འགྲོ་གྲོན་ཉུང་དུ་གཏོང་ཐུབ་པ་མ་ཟད། ད་དུང་སྨན་བཅོས་ཀྱི་དུས་ཚོད་ཐུང་དུ་དང་སྨན་བཅོས་ཀྱི་ལས་ཆོད་ཆེ་རུ་ཡང་གཏོང་ཐུབ་ཀྱི་ཡོད་པ་རེད།

    རྒྱལ་ཡོངས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཆ་འཕྲིན་ཕན་ཚུན་མཉམ་སྤྱོད་ཀྱི་ལོ་གསུམ་འགག་སྒྲོལ་བྱ་སྤྱོད་ནང་དུ། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས། རྒྱལ་ཡོངས་ཀྱི་རིམ་པ་གཉིས་པའི་གཞུང་བཙུགས་སྨན་ཁང་ཡོངས་ཀྱི་བརྟག་དཔྱད་བྱས་འབྲས་སྒྲིག་གཞི་བརྒལ་ནས་ལྟ་འཐེན་ཐུབ་པར་བྱེད་དགོས་ཞེས་བཏོན་ཡོད་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པའི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད། ནད་བརྟག་སྨན་བཅོས་བྱེད་རིང་། སྨན་དོན་མི་སྣ་མང་ཆེ་བས་སྨན་བཅོས་བསྐྱར་མ་བྱེད་པའམ་ཡང་ན་སྨན་ཁང་བསྒྱུར་པའི་ནད་པར་སྨན་བཅོས་བྱེད་སྐབས་བརྟག་དཔྱད་བྱས་འབྲས་འཁྱེར་དགོས་པའི་བླང་བྱ་འདོན་གྱི་ཡོད། གལ་སྲིད་ནད་པས་ཁྱེར་བའི་བརྟག་དཔྱད་བྱས་འབྲས་ཀྱིས་ནད་བརྟག་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐུབ་ཚེ་ཕན་ཚུན་ཁས་ལེན་བྱེད་དགོས།

    རིམ་རྩིས་བྱས་ན། ས་ཁུལ་རིམ་པའི་གྲོང་ཁྱེར་200ལྷག་ཙམ་གྱིས་བརྟག་དཔྱད་བྱས་འབྲས་ཕན་ཚུན་མཉམ་སྤྱོད་བྱེད་ཀྱི་ཡོད་པ་རེད། ཧྥུའུ་ཅན་ཞིང་ཆེན་གྱི་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་ལས་སྟེགས་ཀྱིས་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་243སྦྲེལ་མཐུད་བྱས་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པའི་གཞུང་བཙུགས་སྨན་ཁང་དབར་གྱི་བརྟག་དཔྱད་བྱས་འབྲས་དང་སྙན་ཞུ་ལྟ་འཐེན་མཉམ་སྤྱོད་སྤྱིར་ན་མངོན་འགྱུར་བྱུང་ཡོད། ཀོང་ཏུང་ཞིང་ཆེན་གྱིས་ཁག་དང་པོའི་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་རྣམ་གྲངས་114གཏན་འཁེལ་བྱས་ནས། ཀོང་ཀྲོའུ་དང་ཧྲེན་ཀྲེན་གྲོང་ཁྱེར་གཉིས་ཀྱི་སྨན་བཅོས་སྒྲིག་གཞི་336གི་བརྟག་དཔྱད་བྱས་འབྲས་སྒྲིག་གཞི་བརྒལ་ནས་མཉམ་སྤྱོད་ལྟ་འཐེན་མངོན་འགྱུར་བྱུང་ཡོད།

    2020ལོའི་ལོ་འགོར། ཀན་སུའུ་ཞིང་ཆེན་གྱིས་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་སྒྲིག་གཞི་ཁག་གི་ནད་པའི་ནད་ཐོའི་ཆ་འཕྲིན་མཉམ་སྤྱོད་དང་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་འགོ་ཚུགས་ཡོད། ལན་ཀྲོའུ་སློབ་ཆེན་སྨན་ཁང་གཉིས་པར་ཆ་བཞག་ན། ནད་པ་སྨན་བཅོས་བྱེད་པར་ཡོང་སྐབས་སྨན་པས་ནད་བརྟག་སྨན་བཅོས་མཐུད་ཁ་ནས་ནད་པ་དེའི་སྨན་ཁང་གཞན་དུ་སྨན་བཅོས་བྱས་པའི་བརྟག་དཔྱད་བྱས་འབྲས་དང་གློག་རྡུལ་ནད་ཐོ་ཚུད་པའི་ལོ་རྒྱུས་ཟིན་ཐོར་ལྟ་ཆོག གལ་སྲིད་བརྟག་དཔྱད་བྱས་འབྲས་ཀྱི་དུས་ཚོད་ཡོལ་མེད་ཚེ། སྨན་པས་འབྲེལ་ཡོད་བརྟག་དཔྱད་བྱེད་དགོས་པའི་སྨན་ཡིག་བྲིས་ཀྱང་མ་ལག་གིས་དེ་ནི་ཕན་ཚུན་ཁས་ལེན་རྣམ་གྲངས་ཡིན་པའི་དྲན་སྐུལ་བྱེད་ཀྱི་ཡོད་པ་དང་ཆབས་ཅིག་བརྟག་དཔྱད་བྱས་འབྲས་ཚང་མ་དུས་ཐོག་ཏུ་ཞིང་ཆེན་རིམ་པའི་བདེ་ཐང་ཆ་འཕྲིན་ལས་སྟེགས་ཐོག་བཀོད་ནས་ནད་པའི་སྨན་བཅོས་ཆ་འཕྲིན་འཐུས་ཚང་དུ་གཏོང་གི་ཡོད། མིག་སྔར། ལན་ཀྲོའུ་སློབ་ཆེན་སྨན་ཁང་གཉིས་པས་ཉིན་རེར་ནད་པར་ཕན་ཚུན་ཁས་ལེན་རྣམ་གྲངས་7400ལྷག་མཁོ་འདོན་བྱེད་ཀྱི་ཡོད་པས། ནད་པས་ཡང་བསྐྱར་བརྟག་དཔྱད་བྱེད་མི་དགོས་པར་དུས་ཚོད་དང་འགྲོ་གྲོན་ཉུང་དུ་དང་སེམས་ཁྲལ་ཆུང་དུ་ཕྱིན་ཡོད་པ་རེད།

    ཕན་ཚུན་ཁས་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་བརྟག་དཔྱད་བྱས་འབྲས་ཡང་དག་ལ་བློས་འཁེལ་བ་ཞིག་ཡིན་དགོས།

    ནད་བརྟག་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། ནད་པའི་ནད་གཞིའི་འགྱུར་ལྡོག་སོགས་ལ་གཞིགས་ནས། སྐབས་རེར་དེ་སྔོན་དེ་མཚུངས་ཀྱི་བརྟག་དཔྱད་བྱས་ཡོད་ཀྱང་ད་དུང་སླར་ཡང་བརྟག་དཔྱད་བྱས་ཏེ། ནད་གཞིའི་འཕེལ་རིམ་གསལ་རྟོགས་ཀྱིས་སྨན་བཅོས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་དགོས་པ་ཡང་ཡོད། ས་གནས་ཁ་ཤས་ཀྱི་བསྡོམས་རྩིས་ལས་མངོན་པ་ལྟར་ན། སླར་ཡང་དངོས་སུ་བརྟག་དཔྱད་བྱེད་དགོས་རིགས་ཀྱིས་60%ཙམ་བཟུང་བ་དང་། ལྷག་པར་དུ་དུས་ཡུན་ཐུང་ངུའི་ནང་ནད་གཞིར་མགྱོགས་མྱུར་འགྱུར་ལྡོག་འགྲོ་སྲིད་པའི་ནད་པ་སྟེ་དཔེར་ན་ལུས་ཕྱིར་རྨས་སྐྱོན་ཕོག་པ་དང་གློ་བུར་དུ་ཁྲག་ཤོར་བ་སོགས་ཀྱི་ནད་པར་དུས་ཐོག་ཏུ་བརྟག་དཔྱད་བསྐྱར་མ་བྱེད་དགོས་པ་མང་པོ་ཡོད། གནས་ཚུལ་དེའི་རིགས་འཕྲད་སྐབས་སྨན་པའི་ངག་ལ་ཉན་དགོས།

    ཆ་འཕྲིན་ཕན་ཚུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བར་ནད་པའི་གསང་བར་སྲུང་སྐྱོང་ཡག་པོ་བྱེད་དགོས།

    རྒྱལ་ཡོངས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཆ་འཕྲིན་ཕན་ཚུན་མཉམ་སྤྱོད་ཀྱི་ལོ་གསུམ་འགག་སྒྲོལ་བྱ་སྤྱོད་སྤེལ་བའི་བརྒྱུད་རིམ་ཁྲོད། ད་དུང་དྲ་རྒྱ་དང་གྲངས་གཞིའི་བདེ་འཇགས་ལ་སྔར་བས་ཤུགས་སྣོན་རྒྱག་པའི་ཐད་སེམས་ནུས་ཡོད་རྒུ་བཏོན་ནས་སྨན་བཅོས་བདེ་ཐང་གི་གྲངས་གཞིར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་འཕྲོད་བསྟེན་བདེ་ཐང་གི་སྲིད་འཛིན་སྡེ་ཚན་གྱིས་སྨན་བཅོས་བདེ་ཐང་གི་ཆ་འཕྲིན་ཕན་ཚུན་མཉམ་སྤྱོད་ལ་འཚམ་པའི་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ཀྱི་འབྲེལ་ཡོད་དོ་དམ་ལམ་ལུགས་ཆ་ཚང་པོ་འཛུགས་དགོས། སྨན་བཅོས་སྒྲིག་གཞི་ཁག་གིས་གྲངས་གཞིའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ཐོག་བཅའ་ཁྲིམས་དང་གཏན་འབེབས་གཞིར་བཟུང་གྲངས་གཞི་ཐོན་པ་དང་། བརྒྱུད་སྐྱེལ། ཉར་འཇོག བེད་སྤྱོད། མཉམ་སྤྱོད། མེད་པར་བཟོ་བ་སོགས་ལྷུ་ཚིགས་ལ་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་འཇགས་དོ་དམ་ལག་ལེན་བསྟར་ཏེ། གྲངས་གཞིའི་བདེ་འཇགས་འགོག་ཟོན་ནུས་པ་དང་མི་སྒེར་གྱི་གསང་བར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དབང་བཅོལ་ལྟ་འཐེན་ལམ་སྲོལ་བརྒྱུད་ནད་པའི་གསང་བ་སྲུང་སྐྱོང་བྱས་ནས་སྨན་བཅོས་བདེ་ཐང་གྲངས་གཞི་ཕྱིར་མི་གྱར་བའམ་ཡང་ན་གང་བྱུང་དུ་མི་སྤྱོད་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།