“ཡུལ་མི”ནས“གྲོང་མིར”གྱུར་པའི་མངའ་རིས་ས་ཁུལ་བདེ་སྐྱིད་གྲོང་གསར་གྱི་གནས་སྤོས་མང་ཚོགས་ཀྱི་འཚོ་བ་གསར་པ།
སེང་གེ་ཁ་འབབ་གྲོང་རྡལ་གྱི་ཤར་རྒྱུད་ནི་མངའ་རིས་ས་ཁུལ་གྱི་དབུལ་སྐྱོར་གནས་སྤོས་ས་ཚིགས་ཆེ་ཤོས་ཏེ། སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་བདེ་སྐྱིད་གྲོང་གསར་གནས་ཡུལ་ཡིན་ཞིང་། མངའ་རིས་ས་ཁུལ་གྱི་རྫོང་5དང་ཤང་དང་གྲོང་རྡལ་22ནས་ཡོང་བའི་གནས་སྤོས་མང་ཚོགས་3200ལྷག་ཙམ་དེ་གར་འཚོ་བ་སྐྱེལ་བཞིན་ཡོད། དེ་གར་སྐྱོད་སྐབས་གཅིག་གྱུར་འཆར་འགོད་བྱས་པའི་སྒོ་ར་རང་འགྲིག་གི་མང་ཚོགས་ཀྱི་སྡོད་ཁང་རེ་རེ་བཞིན་མིག་ལམ་དུ་འཆར་བ་དང་། གང་དགོས་ཅི་འཛོམས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། བུ་བཅོལ་ཁང་། སྡེ་ལས་དོ་དམ་ལྟེ་གནས། ཚོང་ཁང་སོགས་འཐུས་སྒོ་ཚང་བའི་སྒྲིག་བཀོད་བཅས་ལས་སེང་གེ་ཁ་འབབ་ཀྱི་འགྲམ་ངོགས་སུ་འགྱིང་ངེར་གནས་པའི་གྲོང་གསར་དེ་མངའ་རིས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་མ་དཔེ་དང་། འབབ་འཕར་ཕྱུག་འགྱུར་གྱི་དཔེ་མཚོན། མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་བའི་མིག་དཔེ་བཅས་སུ་གྱུར་ཡོད།
གནས་སྤོས་སྲིད་ཇུས་ཀྱིས་འཚོ་བ་གསར་པར་བཀྲག་མདངས་བསྣན་པ།
བདེ་སྐྱིད་གྲོང་གསར་གྱི་ཁང་པ་གསར་པར་སྤོ་སྐབས། གནས་སྤོས་མང་ཚོགས་སྲི་ཆོས་ཐར་པོས་ཐོག་མར་གཙོ་འཛིན་གྱི་སྐུ་པར་ཚོམས་ཆེན་གྱི་མངོན་གསལ་དོད་ཤོས་ཀྱི་གྱང་ལྡེབས་སུ་བཀལ་བ་རེད།
གྲོང་གསར་དུ་སྤོས་མ་ཐག་གི་སྐོར་གླེང་སྐབས་སྲི་ཆོས་ཐར་པོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ། “ཁང་པ་མཛེས་པོ་དེ་འདྲ་ཞིག་ཏུ་སྡོད་རྒྱུ་བྱུང་ཡོང་བསམ་པ་རྨི་ལམ་དུའང་འཁོར་མྱོང་མེད། ཏང་དང་སྲིད་གཞུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད།
གནས་སྤོས་མང་ཚོགས་ཀྱི་ངོས་ནས་བརྗོད་ན། གནས་སྤོས་ནི་ཁང་པ་གསར་པ་ཞིག་ཏུ་སྤོ་བ་དང་འཚོ་བའི་ཁོར་ཡུག་བརྗེ་བ་ཙམ་མ་ཡིན་པར། བསམ་པའི་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་ལའང་འགྱུར་ལྡོག་འགྲོ་སྲིད་པ་ནི་སྨོས་མི་དགོས་པ་ཞིག་རེད།
བདེ་སྐྱིད་གྲོང་གསར་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཨ་ནུའུ་ཡིས་གསར་འགོད་པར། སྲིད་གཞུང་གིས་གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་དངོས་སུ་མངོན་འགྱུར་ཐུབ་ཆེད། ལས་ཞུགས་འབབ་འཕར་ཡོང་བ་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཤིང་། མིག་སྔར་གནས་སྤོས་མང་ཚོགས་479ས་ཁུལ་ཁོར་ཡུག་གཙང་སྦྲའི་ཀུང་སི་དང་། མངའ་རིས་གསོལ་མགྲོན་ཁང་། བདེ་སྲུང་ཀུང་སི། སྒར་རྫོང་ཐོན་ལས་གླིང་། བདེ་སྐྱིད་གྲོང་གསར་གྱི་ཕྱོགས་བསྡུས་ཆེད་ལས་མཉམ་ལས་ཁང་སོགས་ཚན་པར་ལས་ཞུགས་འོས་སྦྱོར་ཧུར་ཐག་བྱས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་400ལྷག་ཙམ་ལ་ངལ་ནུས་གསོ་སྦྱོང་བྱས་ཡོད་ཅེས་བརྗོད།
དྲ་ཐོག་ཚོང་དོན་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་བ།
ཉིན་གཅིག་གི་ལས་ཀ་མཇུག་འགྲིལ་ཏེ་དགོང་མོའི་ཆུ་ཚོད་བདུན་པར་ཁྱིམ་དུ་འབྱོར་བའི་སྐལ་བཟང་སྒྲོལ་མར་གཞི་ནས་རང་གི་བྱ་གཞག་གཉེར་བའི་ཁོམ་པ་བྱུང་ཡོད། ཁོང་གིས་ཐུམ་བརྒྱབ་ཟིན་པའི་སྒོ་རའི་ནང་གི་མྱུར་སྐྱེལ་སྐུར་མ་བཅུ་གྲངས་ལ་ལྟ་ཞོར་འཛུམ་དམུལ་དམུལ་གྱིས། “མ་གཞི་དཀའ་ལས་ཁག་ཙམ་ཡོད་ཀྱང་རང་གི་ལས་ཀར་དོན་སྙིང་ཆེན་པོ་ཡོད་པའི་སྣང་བ་འདུག དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་ང་ལ་ལས་གཏོད་ཀྱི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད།
2020ལོར་གྲོགས་པོ་མང་པོས་སྐད་འཕྲིན་གྱི་གྲོགས་ཚོམས་བརྒྱུད་ཅ་ལག་འདྲ་མིན་སྣ་ཚོགས་འཚོང་བཞིན་པ་མཐོང་བས། སྐལ་བཟང་སྒྲོལ་མར་ཚོད་ལྟ་ཞིག་བྱེད་འདོད་ཀྱི་བསམ་ཚུལ་བྱུང་། དེ་ལྟར་སྐལ་བཟང་སྒྲོལ་མས་དྲ་ཐོག་ཚོང་དོན་ལས་རིགས་ལ་རེ་བ་ཆེན་པོ་འཆང་བཞིན་ས་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་དྲ་ཐོག་ཚོང་དོན་གྱི་གསོ་སྦྱོང་ལ་ཐེངས་མང་ཞུགས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།
གསོ་སྦྱོང་མཇུག་འགྲིལ་མ་ཐག་སྐལ་བཟང་སྒྲོལ་མས་དྲ་ཐོག་ཏུ་རང་ཉིད་ཀྱི་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཤིང་། ཁོང་གིས་བྱང་ཆུབ་པའི་དྲ་ཐོག་ཚོང་དོན་གྱི་རྩལ་ནུས་ཡོད་རྒུ་ཐོན་སྐྱེད་གཉེར་སྐྱོང་ཐད་སྤྱད་པ་དང་ཉམས་མྱོང་ཟམ་མི་ཆད་པར་བསགས་ནས། རང་ཉིད་ཀྱི་དྲ་ཐོག་ཚོང་དོན་བྱ་གཞག་རིམ་བཞིན་རྒྱ་སྐྱེད་བཏང་བ་དང་ཕྱིར་ཚོང་གི་ཚོང་ཟོག་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས། 2023ལོར་དྲ་ཐོག་ཏུ་དངོས་ཟོག་བཙོངས་པ་ཁོ་ནར་སྐལ་བཟང་སྒྲོལ་མར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་རག་སྟེ། ཁོ་མོ་བདེ་སྐྱིད་གྲོང་གསར་གྱི་དྲ་ཐོག་ཚོང་དོན་ལས་རིགས་ཀྱི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ཡོད།
ཧུར་སེམས་ཆེན་པོས་བདེ་སྐྱིད་ལྡན་པའི་འཚོ་བའི་ལམ་བུར་སྐྱོད་པ།
བདེ་སྐྱིད་གྲོང་གསར་དུ་ཡོད་པའི་དགྲ་འདུལ་གྱི་ཁྱིམ་དུ་སྐྱོད་སྐབས། ཁོང་ནི་དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཡུལ་མི་ཞིག་རེད་ཟེར་ན་ཡིད་ཆེས་དཀའ་བར་གྱུར་ཡོད། ཁྱིམ་དུ་འཛིན་ཆས་གསར་པ་དང་གློག་ཆས་སྣ་ཚོགས་གང་དགོས་ཅི་དགོས་འཛོམས་པ་མ་ཟད། གྱང་དང་ས་ངོས་ཚང་མར་མཛེས་བཟོ་གྲ་རྒྱས་བྱས་ཡོད་པས། ཁྱིམ་གྱི་གང་ས་ནས་འབྱོར་འབྲིང་གི་འཚོ་བ་གསར་པའི་རྣམ་པ་ཞིག་མངོན་ཡོང་།
གནས་མ་སྤོས་གོང་ལ། དགྲ་འདུལ་དང་ནང་མི་བཞི་པོ་སོ་ཕག་གི་ཁང་པ་ཆུང་ཆུང་ཞིག་ཏུ་འཚང་ག་ཤིག་ཤིག་ངང་སྡོད་པ་དང་། རྩྭ་ཆུ་བཟང་སར་སྐྱས་སྤོ་བའི་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བ་སྐྱེལ་གྱི་ཡོད་པས། ལོ་རེའི་ཡོང་འབབ་ཀྱིས་ལྟོ་གོས་ཀྱི་འགྲོ་གྲོན་འདང་ཙམ་ལས་མེད། 2016ལོའི་དཔྱིད་ཀར། དགྲ་འདུལ་གྱིས་མི་ཚེའི་ལམ་བུ་གསར་པ་ཞིག་བསུས་པ་སྟེ། སྒར་རྫོང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་འོག་ཁོང་ཚོ་ནང་མི་ཚང་མ་བདེ་སྐྱིད་གྲོང་གསར་དུ་སྤོས་པ་རེད།
བཅར་འདྲིའི་བར་གསེང་དུ་དགྲ་འདུལ་གྱིས་བདེ་སྲུང་ལས་གོས་བརྗེས་ཏེ་མངའ་རིས་ས་ཁུལ་གྲོང་གསེབ་དར་རྒྱས་ཅུས་སུ་ལས་རེས་བྱེད་པར་འགྲོ་རྩིས་བྱེད་ཅིང་། ད་ལྟའི་འཚོ་བའི་སྐོར་གླེང་སྐབས་དགྲ་འདུལ་གྱིས་དགའ་ཚོར་ཆེན་པོས། “ལས་ཀ་དེ་ནི་སྲིད་གཞུང་གིས་ཡིག་ཚགས་དང་གཱ་བཟོས་པའི་སྐབས་དེའི་དུད་ཚང་དབུལ་པོར་ཆེད་མངགས་བཀོད་སྒྲིག་བྱས་པ་ཞིག་ཡིན་ལ། ངའི་མི་ཚེའི་ནང་གི་དངོས་གཞིའི་ལས་ཀ་དང་པོ་དེའང་ཡིན་པས། ངས་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།
ཐག་རིང་ལུང་ཁུག་ཏུ་འཚོ་བ་སྐྱོ་པོ་སྐྱེལ་བ་ནས་ད་ལྟ་བདེ་སྡོད་ལས་བརྩོན་བྱུང་བའི་བར་དང་། ལྟོ་གོས་ལའང་སེམས་ཁྲལ་བྱེད་དགོས་པའི་སྔོན་ཆད་ཀྱི་འཚོ་བ་ནས་ད་ལྟའི་འབྱོར་འབྲིང་འཚོ་བའི་བར། ད་ཆ་བདེ་སྐྱིད་གྲོང་གསར་གྱི་གནས་སྤོས་མང་ཚོགས་ཀྱིས་སྤོབས་པ་ཆེན་པོ་དང་གོམ་ཞེང་ཆེན་པོས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་ལམ་བུར་སྐྱོད་བཞིན་ཡོད་པ་རེད།