དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

    《དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་11ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བསམ་འཆར》ནང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་ལག་ལེན་གསར་པའི་མཚོན་རྟགས་གལ་ཆེན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་འགག་རྩའི་ལྷུ་ཚིགས། རང་རྒྱལ་གྱི་ཐོན་ཁུངས་ཁོར་ཡུག་གི་སྐྱེ་ཁམས་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐབས་ཇུས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནང་གནས་བླང་བྱ་བཅས་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་ཆེད། བསམ་འཆར་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་པ། ཐཱན་ཚད་མཐོ་ཤོས་དང་ཐཱན་སྙོམ་སྦྱོར་གྱི་ལས་དོན་ཁྲིད་སྟོན་དུ་བྱེད་པ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ཁེབས་ཆེར་གཏོང་། འཕར་སྣོན་ཡོང་བ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་བར་སྟོང་གི་བཀོད་པ་དང་། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ལས་དོན་ཁྲོད་སྒྲུབ་དགོས་པ་སྟེ། ཕྱོགས་ཡོངས་ནས་ཕྱོགས་སྒྱུར་མཐའ་འཁྱོངས་བྱེད་དགོས་ཤིང་། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་འཛུགས་དགོས།

    མཉམ་དུ་ཕྱོགས་སྒྱུར་མཐའ་འཁྱོངས་བྱེད་དགོས་ཤིང་། ས་ཁུལ་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་འཕེལ་རྒྱས་ཀྱི་དོན་དངོས་ལ་བསམ་གཞིགས་གང་ལེགས་བྱས་ཏེ་ཆ་རྐྱེན་འཛོམས་པའི་ས་ཁུལ་དང་ལས་རིགས་ཀྱིས་སྔོན་ལ་འཚོལ་ཞིབ་བྱེད་པར་སྐུལ་ལྕག་བྱེད་དགོས།

    གསར་གཏོད་ཀྱི་ཕྱོགས་སྒྱུར་མཐའ་འཁྱོངས་བྱེད་དགོས་ཤིང་། ལྗང་མདོག་ཕྱོགས་སྒྱུར་ལ་གསར་གཏོད་ཀྱི་སྒུལ་ནུས་དང་ལམ་ལུགས་ཀྱི་འགན་སྲུང་སྔར་ལས་ཆེ་བ་མཁོ་འདོན་བྱེད་དགོས།

    བདེ་འཇགས་ཕྱོགས་སྒྱུར་མཐའ་འཁྱོངས་བྱེད་དགོས་ཤིང་། འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་དང་། སྤྱི་ཡོངས་དང་ཆ་ཤས། མིག་སྔ་དང་ཕུགས་ཡུན། སྲིད་གཞུང་དང་ཁྲོམ་ར་བཅས་དབར་གྱི་འབྲེལ་བར་སྤྱི་འདོམས་ཐག་གཅོད་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་སྲུང་སྔར་ལས་ལེགས་པ་བྱེད་དགོས།

    《བསམ་འཆར》ནང་ཁ་གསལ་བཏོན་པའི་དམིགས་ཡུལ་གཙོ་བོ་ནི། 2030ལོར་སླེབས་སྐབས་གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་བ་དང་། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གཞི་རྩའི་ཆ་ནས་ཆགས་པ། སྦགས་བཙོག་ཉུང་འཕྲི་དང་ཐཱན་ཉུང་གཏོང་གི་མཉམ་སྒྲུབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། ཐོན་ཁུངས་གཙོ་བོ་བེད་སྤྱོད་ཀྱི་ལས་ཆོད་སྔར་བས་ཆེ་རུ་འགྲོ་བ། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཚད་གཞིའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱེད་དགོས། 2035ལོར་སླེབས་སྐབས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་གཞི་རྩའི་ཆ་ནས་བཙུགས་ཏེ་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་རྒྱ་ཁྱབ་ཏུ་ཆགས་པ་དང་། སྦགས་བཙོག་ཉུང་འཕྲི་དང་ཐཱན་ཉུང་གཏོང་གི་མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། ཐོན་ཁུངས་གཙོ་བོ་བེད་སྤྱོད་ཀྱི་ཕན་འབྲས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཐཱན་ཉུང་བགྲོད་ལམ་དུ་སླེབས་པ། ཐཱན་འབུད་ཚད་མཐོ་ཤོས་སུ་སླེབས་རྗེས་བརྟན་པོའི་ངང་ཆག་པ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།