དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “རླངས་འཁོར་འཇོག་དཀའ་བ”དམིགས་འཛུགས་བཅོས་སྒྲིག་བྱེད་པ།

    《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་སྐོར་གྱི་སྲོལ་ཡིག》ཟླ་8ཚེས་15ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-13

    ཉེ་ཆར། གསར་འགོད་པས《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། 《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་སྐོར་གྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)ད་ལོའི་ཟླ་8ཚེས་15ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ལག་བསྟར་བྱས་རྗེས། ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་ལེགས་སུ་གཏོང་བ། འགྲིམ་འགྲུལ་ཤར་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་གྱི་སྤྱིའི་འཁོར་རྒྱུག་ལས་ཆོད་ཆེ་རུ་གཏོང་རྒྱུ་རེད།

    “རླངས་འཁོར་འཇོག་དཀའ་བ་དང་རླངས་འཁོར་ཟང་ཟིང་དུ་འཇོག་པའི”སྣང་ཚུལ་ལ་དམིགས་ནས《སྲོལ་ཡིག》ནང་གཏན་འབེབས་བྱས་དོན།

    གྲོང་ཁྱེར་དང་རྫོང(ཆུས)མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་མ་དངུལ་བཏང་ནས་སྤྱི་པའི་རླངས་འཁོར་འཇོག་ས་བསྐྲུན་པར་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས། རླངས་འཁོར་འཇོག་ས་མི་འདང་བའི་ཁྲོམ་གཞུང་དུ་དགོས་མཁོ་ལྟར་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རྐང་ཐང་མར་འགྲོ་མཁན་དང་རླངས་འཁོར་བདེ་འཇགས་ངང་སྐྱོད་པར་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག་རླངས་འཁོར་འཇོག་ས་བཀོད་སྒྲིག་བྱས་ཆོག ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ། ས་ཆ་སྤྱོད་དབང་ཡོད་མཁན་གཞན་དག་བཅས་ཀྱིས་རང་སྤྱོད་ས་ཆར་སྤྱད་ནས་འཕྲུལ་སྒུལ་འཁོར་རིགས་འཇོག་ས་མང་དུ་གཏོང་བར་ལྕག་སྐུལ་བྱེད་པ། རིག་ནུས་ཀྱི་རླངས་འཁོར་འཇོག་ས་སྐྲུན་པར་ལྕག་སྐུལ་དང་། དེ་བཞིན་ཐང་ཆེན་དང་། སྤྱི་གླིང་། སྤང་ལྗོངས་སོགས་སྤྱི་པའི་འདུ་འཛོམ་བྱ་ཡུལ་གྱི་ས་འོག་བར་མཐོངས་དང་མི་དམངས་ཀྱི་མཁའ་ཉེན་འགོག་ཟོན་ལས་གྲྭར་བརྟེན་ནས་འཕྲུལ་སྒུལ་འཁོར་རིགས་འཇོག་ས་སྐྲུན་པར་ལྕག་སྐུལ་བཅས་བྱེད་དགོས།

    དབང་པོ་སྐྱོན་ཅན་གྱི“རླངས་འཁོར་འཇོག་དཀའ་བའི”སྣང་ཚུལ་ལ་གཞིགས་ནས《སྲོལ་ཡིག》ནང“དབང་པོ་སྐྱོན་ཅན་གྱིས་རང་ཉིད་ཀྱི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་སྟོན་པ་དང་འབྲེལ་རང་ཉིད་ཀྱིས་གཏོང་ཆོག་པའི་འཁོར་རིགས་བཏང་སྟེ་སྤྱི་པའི་རླངས་འཁོར་འཇོག་སའི་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་འཁོར་རིགས་འཇོག་སར་བཞག་ཚེ་འཁོར་རིགས་བཞག་པའི་གྲོན་དངུལ་བསྡུ་རྒྱུ་མིན”ཞེས་གཏན་འབེབས་བྱས་ཡོད།

    ད་ཡོད་ཀྱི་རླངས་འཁོར་འཇོག་སའི་ཐོན་ཁུངས་གང་ལེགས་སྤྱོད་པའི་ཐད 《སྲོལ་ཡིག》ནང་གཏན་འབེབས་བྱས་དོན། སྡོད་ཁང་ཁུལ་ཆུང་ཉེ་འཁོར་གྱི་འགྲོ་ལམ་དུ་དུས་ཆེན་གུང་གསེང་དང་མཚན་མོ་སོགས་ལ་འཁོར་རིགས་འཇོག་སའི་ཆ་རྐྱེན་འཛོམས་ཚེ། དུས་མཚམས་ཚད་བཀག་གི་འགྲོ་ལམ་གྱི་འཁོར་རིགས་འཇོག་ས་བཀོད་སྒྲིག་བྱས་ཆོག དེ་དང་དུས་མཚུངས་སུ་ཆ་རྐྱེན་ལྡན་པའི་ལས་ཁུངས་དང་། ཁེ་ལས་དང་དེ་བཞིན་བྱ་གཞག་ཚན་པའི་ཆེད་སྤྱོད་རླངས་འཁོར་འཇོག་ས་དག་སྤྱི་ཚོགས་ལ་རིན་མེད་ངང་སྒོ་མོ་དབྱེ་དགོས་པ་མ་ཟད། མི་སྒེར་ལ་སྤྱོད་དབང་ཡོད་པའི་རླངས་འཁོར་འཇོག་ས་དེ་མི་གཞན་དང་ཁ་ཐུག་མ་འཁེལ་བར་མཉམ་སྤྱོད་ཐུབ་པའི་གྲོས་འགོ་འདོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།