དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

    ཨོ་རྩལ་འགྲན་ཚོགས་སྐབས་33པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོཌ་པར་བཏང་བའི་རྟེན་འབྲེལ་གློག་འཕྲིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-13

    ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ།

    དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་33པའི་ཐོག་རང་རྒྱལ་གྱི་ལུས་རྩལ་པ་ཚོས་སྙིང་རུས་ཆེན་པོས་འབད་འཐབ་དང་། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན། འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ནས་གསེར་གྱི་རྟགས་མ་40དང་། དངུལ་གྱི་རྟགས་མ་27 ཟངས་ཀྱི་རྟགས་མ་24བཅས་བླངས་ནས་ལུས་རྩལ་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་བཟང་པོ་ཐོབ་སྟེ་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

    སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཐོག་ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཀུན་སྤྱོད་ཀྱི་གསེར་གྱི་རྟགས་མ་དང་། ཉམས་འགྱུར་གྱི་གསེར་གྱི་རྟགས་མ། རྩོད་གླེང་མེད་པའི་གསེར་གྱི་རྟགས་མ་བཅས་ལེན་རྒྱུ་མཐའ་འཁྱོངས་ཀྱིས་དཔའ་ངར་ཆེ་བའི་ངར་ཤུགས་དང་། ཞུམ་པ་མེད་པའི་སྤྱོད་ཚུལ། ཁྱད་དུ་འཕགས་པའི་རྩལ་ནུས་བཅས་ལ་བརྟེན་ནས་ཀྲུང་གོའི་ལུས་རྩལ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ལེའུ་གསར་པ་བརྩམས་ཡོད་ལ། ལུས་རྩལ་འཐབ་ཕྱོགས་ཀྱི་སྒྱུར་བཅོས་གསར་གཏོད་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་དུས་རབས་ཀྱི་ཉམས་འགྱུར་ཡང་མངོན་ཡོད། ཁྱེད་ཚོས“དེ་བས་མྱུར་བ་དང་། དེ་བས་མཐོ་བ། དེ་བས་སྟོབས་དང་ལྡན་པ། དེ་བས་མཐུན་སྒྲིལ་ལྡན་པ”བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་ལག་ལེན་ཧུར་ཐག་བསྟར་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ལུས་རྩལ་པ་དང་མཉམ་དུ་འདྲ་མཉམ་གྱི་འགྲན་རྩོད་དང་མཛའ་གཅུགས་སྤེལ་རེས་བྱས་པས་རྩལ་ནུས་ཆེ་རུ་དང་མཛའ་གཅུགས་ཟབ་ཏུ་ཕྱིན་ནས། འཛམ་གླིང་ལ་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་ཉམས་འགྱུར་མངོན་པ་དང་ཀྲུང་གོའི་སྐད་སྒྲ་དང་ཀྲུང་གོའི་སྙིང་སྟོབས་ཁྱབ་སྤེལ་བཏང་ཡོད། ཁྱེད་ཚོའི་ཕུལ་དུ་བྱུང་བ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་རྒྱལ་གཅེས་སྤྲོ་སེམས་སྔར་བས་འཕེལ་བ་དང་། མི་རིགས་ཀྱི་སྙིང་སྟོབས་ཆེར་སྐྱེད། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱུང་ཡོད།

    ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་གཞིགས་ནས་རྒྱལ་ཁབ་ཀྱི་དོན་དུ་གཟི་བརྗིད་བརྩོན་ལེན་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རྩལ་འགྲན་ལུས་རྩལ་གྱི་ཡང་རྩེ་གསར་པར་རྒྱུན་ཆད་མེད་པར་འཛེགས་པ། མང་ཚོགས་ལུས་རྩལ་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་སྤེལ་བར་སྐུལ་ཁྲིད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

    མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་རྒྱལ་ཁའི་ངང་ལོག་པའི་རེ་སྒུག་བྱེད་བཞིན་ཡོད།

    ཀྲུང་གུང་ཀྲུང་དབྱང་།

    རྒྱལ་སྲིད་སྤྱི་ཁྱབ་ཁང་།

    2024ལོའི་ཟླ་8ཚེས་11ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་11ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།