དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དབྱར་དུས་སུ་ས་མཐོར་ཕྱུགས་འཚོ་བའི་ཟིན་ཐོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཕྲུ་གུ་ཞིག་རྟ་བཞོན་ནས་གངས་རིའི་འདབས་སུ་ཕྱུགས་འཚོ་བཞིན་ཡོད་པ་དང་། དེའི་གཡས་ངོས་སུ་མི་མེད་གནམ་གྲུས་འབྲི་གཡག་གི་རྗེས་དེད་ནས་རྒྱང་རིང་ཕྱོགས་སུ་འཕུར། བོད་རིགས་མང་ཚོགས་རྣམས་ཁྱིམ་དུ་བསྡད་ནས་སྤགས་ཟ་བ་དང་བརྙན་འཕྲིན་ལ་ལྟ་བཞིན་པའི་རྣམ་པ་དེ་དག་སྤྲོ་སྣང་ལྡན་པའི་རི་མོ་ཞིག་ལྟར་སྣང་།

    འདི་ལོའི་ཟླ་6ཚེས་18ཉིན། མཚོ་སྔོན་ཟི་ལིང་དུ་ཧྲང་ཧའེ་ཡིས་རོགས་སྐྲུན་བྱས་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དཀར་ཆ་དོད་པའི་སློབ་ཁང་ནང་མཐོ་རིམ་སློབ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་དང་པོའི་སློབ་མ་ཉི་དོན་ལྷ་མོས་རི་མོ་དེ་ཡར་བཀྱགས་ནས་རྟོག་ཞིབ་གནང་བར་ཕེབས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕ་ཡུལ་གྱི་སྔ་དེང་གི་འགྱུར་ལྡོག་ཆེན་པོའི་སྐོར་བརྗོད།

    “སྐབས་དེ་དུས་ངའི་ཕ་ཡུལ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་ནས་ཡིན། རྟ་བཞོན་ཏེ་ཕྱུགས་འཚོ་བ་ནས་ཕྱིས་སུ་སྦག་སྦག་བཞོན་ཏེ་ཕྱུགས་འཚོ་བ་དང་། དེ་ནས་ད་ཆ་དུད་ཚང་འགའ་ཞིག་གིས་མི་མེད་གནམ་གྲུ་སྤྱད་ནས་ཕྱུགས་འཚོ་བའི་བར། ངའི་ཕ་ཡུལ་དེ་བས་དེང་རབས་ཅན་དུ་གྱུར་ཡོད”ཅེས་ཉིན་དེར་ཕྱིར་དྲན་བྱེད་བཞིན་ཉི་དོན་ལྷ་མོས་དགའ་སྤྲོ་ཆེན་པོས་བརྗོད།

    མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་དང་རྒྱལ་མོ་རྔུལ་ཆུའི་ཆུ་འགོར་གནས་པའི་པད་མ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་ཞིང་། ཉེ་ཆར་གསར་འགོད་པ་པད་མ་རྫོང་ལྕགས་རི་ཐང་ཤང་དུ་གནས་པའི་ཉི་དོན་ལྷ་མོའི་ཁྱིམ་དུ་མགྲོན་པོར་བསྐྱོད་པ་ཡིན།

    ཞོགས་པ་སྔ་པོར། སྔོ་ལྗང་གི་རྩྭ་ཐང་སྟེང་ཉི་འོད་རབ་ཏུ་འཕྲོས་ཤིང་། རི་གསེབ་ཏུ་སྨུག་སྤྲིན་གང་སར་འཁྲིག གསར་དུ་བསྐྲུན་པའི་འགྲོ་ལམ་བརྒྱུད་རླངས་འཁོར་ཐད་ཀར་རི་སྐེད་དུ་འབྱོར་བ་དང་། རླངས་འཁོར་གྱི་སྒེའུ་ཁུང་ནས་ཐག་རིང་འབྲོག་ཁུལ་དུ་ཐབ་ནང་ནས་དུ་བ་འཕྱུར་བ་མཐོང་། ཅུང་མི་འགོར་བར་ཉི་དོན་ལྷ་མོའི་ཨ་ཁུའི་ཁྱིམ་གྱི“དབྱར་སར”(དབྱར་དུས་རྩྭ་རའི་འབྲོག་པའི་གཏན་འཇགས་སྡོད་གནས)འབྱོར།

    ཨ་ཁུའི་མིང་ལ་བྱང་ཆུབ་ཟེར་ཞིང་། ཁྱིམ་ཚང་ཧྲིལ་པོའི་འབྲི་གཡག་གཅིག་སྡུད་འཚོ་བའི་འགན་འཁུར་གྱི་ཡོད། སྐབས་དེར་བྱང་ཆུབ་དང་བཟའ་ཟླ་གཉིས་འབྲི་གཡག་ལ་གཡོག་བྱེད་བྱེད་པར་བྲེལ་བཞིན་ཡོད་ཅིང་། ཁོང་གིས“ང་ཚོ་གཅེན་གཅུང་གསུམ་ལ་ཁྱོན་བསྡོམས་འབྲི་གཡག་50ལྷག་ཙམ་ཡོད། དབྱར་དུས་སྤང་རིའི་མཐོ་སར་འཚོ་བ་དང་། དགུན་དུས་ལུང་གཞུང་གི‘དགུན་སར’སྤོ་གི་ཡོད”ཅེས་བརྗོད།

    སྡོད་ཡུན་ཐུང་བས“དབྱར་སར”སྤྱིར་བཏང་དོ་སྣང་དེ་ཙམ་བྱེད་ཀྱི་མེད། འོན་ཀྱང་བྱང་ཆུབ་ཁྱིམ་གྱི་སྨི་ངོས་གྲུ་100ཙམ་ཟིན་པའི་དབྱར་སར་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཆ་ཚང་བ་ཡོད་ཅིང་། བོད་རུམ་སྒེའུ་ཁུང་གི་གཞོགས་གཅིག་ཏུ་བཏིང་པ་དང་། ཅོག་ཙེའི་སྟེང་དུ་བཏུང་བྱ་དང་འོ་མ་བྱི་རིལ་སོགས་འགྲིག་འདུག་ལ། ཐབ་སྟེང་གི་སླ་ངའི་ནང་ནས་ཚགས་ཤ་བཙོས་མའི་དྲི་ཞིམ་འཐུལ་བཞིན་འདུག

    “དེ་དག་ཚང་མ་རྫོང་གྲོང་ནས་ཉོས་པ་ཡིན། ད་ཆ་ལམ་སྟབས་བདེ་བས་རྫོང་གྲོང་དུ་སྐྱོད་པར་ཆུ་ཚོད་ཕྱེད་ཀ་ལས་འགོར་གྱི་མེད། སྔོ་ཚལ་སོས་པ་དང་མཁོ་ཆེ་བའི་ཚོང་ཟོག་ཚང་མ་ཉོ་ཐུབ་ཀྱི་འདུག”ཅེས་བྱང་ཆུབ་ཀྱིས་བརྗོད་པ་དང་། ཁོང་གིས་རི་འཛེག་ལམ་དེ་འདི་ལོ་བཟོས་མ་ཐག་རེད། རང་ཉིད་ཀྱི་རླངས་འཁོར་ཐད་ཀར་དབྱར་སར་གཏོང་ཐུབ་པས་ལམ་མ་བཟོས་གོང་ལས་ཆུ་ཚོད་3ཙམ་ཐུང་དུ་ཕྱིན་ཡོད། ད་དུང་རྫོང་དུ་ཕྱུགས་ཉོ་ཚོང་ལྟེ་གནས་བཙུགས་ཡོད་པས་ང་ཚོ་འབྲི་གཡག་འཚོང་བར་དེ་བས་སྟབས་བདེ་རུ་ཕྱིན་ཡོད་ལ། རིན་གོང་ཡང་འགན་ལེན་ཐུབ་ཀྱི་འདུག་ཅེས་བརྗོད།

    ཕྱི་དྲོའི་ཆུ་ཚོད་གཉིས་པ་ཙམ་ལ། དུང་བརྡ་གསལ་པོ་ཞིག་གྲགས་པ་དང་བསྟུན་ནས། “ཡོང་གི་ཡོད”ཅེས་བྱང་ཆུབ་ཡར་ལངས་ཏེ་ཁོང་གི་གཅེན་པོ་ཨུ་ཐོ་བསུ་བར་བསྐྱོད། ཨུ་ཐོ་ནི་ཉི་དོན་ལྷ་མོའི་ཨ་ཕ་ཡིན་ཞིང་། སྦག་སྦག་བཞོན་ནས་རི་སྐོར་ཞོར་འདི་གར་ཡོང་བ་ཞིག་རེད།

    དེ་སྔོན་ཨུ་ཐོ་ཡང་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད། ལོ་9ཡི་གོང་། ཁོང་གིས་ཕྱུགས་འཚོ་མཚམས་བཞག་ནས་རང་ཉིད་ཀྱི་འབྲི་གཡག་10ལྷག་ཙམ་གཅུང་པོར་གཅིག་སྡུད་གཡོག་བྱེད་བྱ་རྒྱུར་རྩིས་སྤྲད་དེ། སྐྱེ་ཁམས་སྐོར་སྲུང་བའི་འགན་ཁུར་བ་དང་། དེའི་ཐོག་ཐོན་སྐྱེད་རང་བཞིན་གྱི་ཡོང་འབབ་གཞན་དག་བསྡོམས་ཚེ་ལོ་ལྟར་སྒོར་ཁྲི་7ལྷག་ཙམ་རག་གི་ཡོད།

    ཉིན་འདི་དག་རིང་། བྱང་ཆུབ་ཀྱིས་མི་མེད་གནམ་གྲུ་གཏོང་སྟངས་སྦྱོང་བཞིན་ཡོད། “ཝུང་ཝུང”ཞེས་པའི་སྒྲ་དང་བསྟུན་ནས་འབྲི་གཡག་རི་སྟེང་ནས་དེད་ཅིང་། བྱང་ཆུབ་ཀྱིས“དངོས་གནས་སྟབས་བདེ་པོ་འདུག རྗེས་སུ་སྦག་སྦག་བཞོན་ནས་རི་སྟེང་དུ་སྐྱོད་དགོས་མི་འདུག”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།