དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚན་མོའི་ཁྲོམ་ར་འཁྲུག་ཆ་དོད། གྲོང་མིའི་འཚོ་བ་ཕུན་སུམ་ཚོགས།

    བོད་ཀྱི་ས་བབ་མཐོ་ཤོས་ཀྱི་མཚན་མོའི་ཁྲོམ་ར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    དགོང་མོའི་ཆུ་ཚོད་10པར། བོད་ལྗོངས་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་དུ་མུན་པ་རིམ་གྱིས་རུབ་པ་དང་བསྟུན་ནས་གློག་སྒྲོན་དག་ཁྲ་ཆི་ལེར་སྤར། གྲོང་ཁྱེར་ལྟེ་གནས་སུ་ཡོད་པའི་རིག་གནས་ཐང་ཆེན་འགྲམ་གྱི་ཞང་ཞུང་མཚན་ཁྲོམ་དུ་མི་ཚོགས་ཀྱིས་ཁེངས་བཞིན་ཧ་ཅང་འཁྲུག་ཆ་དོད།

    “དེ་རིང་གཟའ་མཇུག་ཡིན་པས་ཆེད་མངགས་ཕྲུ་གུ་ཁྲིད་ནས་རྩེད་མོ་རྩེ་ཞོར་དེ་གར་བཟའ་མ་ཟ་བར་ཡོང་བ་ཡིན”ཞེས་གྲོང་མི་པ་སངས་ཀྱིས་གསར་འགོད་པར་དགའ་སྤྲོའི་ངང་བཤད།

    ཧོ་ནན་གྱི་ཚོང་པ་མཁྱེན་ལྡན་མ་ཝང་ལགས་ཀྱི་བསྲེགས་ཟས་ཁྲོམ་སྟེགས་ཀྱི་མདུན་དུ་མི་མང་པོ་རུ་བསྒྲིགས་ནས་བསྡད་འདུག “ང་ལ་རྐང་གསུམ་དགོས” “ང་ལ་རྐང་ལྔ་དགོས”ཞེས་འཚང་ཁ་ཤིག་ཤིག་ཏུ་ཉོ་བས་འཁྱུག་ཙམ་ཞིག་ལ་ཚང་མ་བྲིན།

    མཁྱེན་ལྡན་མ་ཝང་ལགས་ཀྱིས“ང་དེ་སྔ་རིག་གནས་ལམ་དུ་སྐོར་ར་བརྒྱབ་ནས་བསྲེགས་ཟས་ཚོང་གི་ཡོད། ད་ཆ་མཚན་ཁྲོམ་ཡོད་ཙང་ཉོ་མཁན་མང་པོ་འདུག་ལ་ཚོང་ཡང་ཡག་པོ་འདུག ངས་ཉིན་ལྟར་ཕྱི་དྲོའི་ཆུ་ཚོད་6དང་ཕྱེད་ཀར་ཁྲོམ་བཏོན་ནས་དགོང་མོའི་ཆུ་ཚོད་11ཡས་མས་ལ་མཚམས་བཞག་གི་ཡོད། བསྲེགས་ཟས་ཟ་མཁན་མང་བར་བརྟེན་ཉིན་ལྟར་སྒོར་2500རག་གི་འདུག”ཅེས་གསར་འགོད་པར་དགའ་ཚོར་ཆེན་པོས་བརྗོད།

    ཚ་གདུག་ཆེ་བའི་དབྱར་དུས་སུ། མཚོ་ཆེན་རྫོང་ཟླ་གཞུང་ཤང་གི་མང་ཚོགས་ཆོས་འཛོམས་ཀྱི་ཤིང་ཏོག་ཁུ་བའི་ཚོང་ཡང་ཡག་པོ་ཡོད། ཚ་གདུག་ཆེ་བས་ཤིས་ཀྭ་ཡི་ཁུ་བ་གྲང་མོ་བཏུང་ན་ལུས་པོ་གྲང་སིལ་སིལ་ཆགས་ཀྱི་ཡོད།

    “ངས་དྲ་ཐོག་ནས་ཚོང་འགུགས་ཀྱི་ཆ་འཕྲིན་མཐོང་རྗེས་འཕྲལ་དུ་མིང་ཐོ་བཀོད་པ་ཡིན། རྒྱན་འཐེན་ནས་ཁྲོམ་བཀྱག་དེ་རག་བྱུང་། ད་ཆ་ཉིན་ལྟར་ཤིང་ཏོག་ཁུ་བ་བཙོངས་ནས་ཡོང་འབབ་སྒོར་600ལྷག་ཙམ་རག་གི་འདུག ཕ་ཡུལ་དུ་ལུག་འཚོ་བ་ལས་ཡག་པ་འདུག”ཅེས་ཆོས་འཛོམས་ཀྱིས་བཤད།

    གསར་འགོད་པས་མངའ་རིས་ས་ཁུལ་ཚོང་དོན་ཅུས་ནས་ཤེས་རྟོགས་བྱས་པར། 2023ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱིས“ས་ཚིགས་གཅིག་གཏོད་པ་དང་། ལམ་ཐིག་གཅིག་འབྲེལ་བ། ཡུག་གཅིག་ལ་སྣེ་ཁྲིད”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། སེང་གེ་ཁ་འབབ་གྲོང་རྡལ་རིག་གནས་ཐང་ཆེན་དུ་མཚན་ཁྲོམ་གྱི་སྟེགས་བུ་བསྐྲུན་པ་དང་། ན་ནིང་ཟླ་7ཚེས་1ཉིན་ནས་ཟླ་10ཚེས་1ཉིན་བར་ཚོང་དུད་190ཞུགས་པར་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་380ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    འདི་ལོ་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་ནས་མཚན་མོའི་དཔལ་འབྱོར་འཁྲུག་ཏུ་གཏོང་ཆེད། མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས《མངའ་རིས་ས་ཁུལ་གྱི་མཚན་མོའི་དཔལ་འབྱོར་ཁྲོམ་གཞུང(མཚན་ཁྲོམ)དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》དང《2024ལོའི་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རིག་གནས་ཐང་ཆེན་གྱི་མཚན་ཁྲོམ་གཉེར་སྐྱོང་དོ་དམ་ཇུས་གཞི》བཟོས་ནས་བཀྲམ་པ་མ་ཟད། ས་ཁུལ་གྱི་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་72.1བཏང་སྟེ་ཁྲོམ་བཀྱག་20ལྷག་ཙམ་ཉོས་ཤིང་། ད་ཆ་བཟའ་བཏུང་གི་ཚོང་རྒྱག་མཁན་86དང་། ཚོང་ཙག་ཙིག་རྒྱག་མཁན་79 རོལ་རྩེད་ཀྱི་ཚོང་རྒྱག་མཁན་22བཅས་ཡོད་པ་རེད།

    “ཟླ་7ཚེས་8ཉིན་ལས་གཉེར་བྱེད་འགོ་ཚུགས་པ་ནས་ཟླ་7ཚེས་28ཉིན་བར་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་119བྱུང་བ་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱིས་མཚན་ཁྲོམ་ལ་ཡོང་བའི་སྤྲོ་སྣང་འཕེལ་བ་དང་བློ་ཡིད་ཚིམ་ཚད་ལེགས་སུ་ཕྱིན་ཡོད”ཅེས་མངའ་རིས་ས་ཁུལ་ཚོང་དོན་ཅུས་ཚོང་དོན་ནང་གཉེར་ཁོའོ་ཡི་ཁོའོ་ཀྲང་བློ་བསྟན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།