དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་གྲྭ——

    ཕན་ཚུན་འབྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་ནས་ཉོ་ཚོང་སྟབས་བདེ་དང་ཤར་བགྲོད་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    ཟླ་1ཚེས་4ཉིན། འབྲུ་རིགས་ཏུན་1000ཙམ་བླུགས་པའི་དོས་སྒམ་40ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཀྲུང་ལོའི་ལྕགས་ལམ་གྱི་ཁྲལ་མེད་ནང་འདྲེན་འབྲུ་རིགས་ཐད་གཏོང་ཆེད་སྤྱོད་མེ་འཁོར་ཐོག་མ(ལོ་སིའི་མོང་སའེ་ནས་ཁྲུང་ཆིང་དབན་ཀྲོའུ་བར)ཁྲུང་ཆིང་དབན་ཀྲོའུ་ཤིན་ཐེན་གྲུ་ཁའི་ས་ཚིགས་སུ་འབྱོར་ཞིང་། འདི་ནི་ལས་དོན་པས་འཕྲུལ་ཆས་བཀོལ་སྤྱོད་བྱས་ནས་དོས་སྒམ་རླངས་འཁོར་ནང་བླུག་བཞིན་པ།

    ལོ་སིའི་རྒྱལ་ས་ཝན་ཐེན་གྲོང་ཁྱེར་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་ཤིག་ཏུ་ས་གནས་དེ་གའི་གྲོང་མིས་དྲ་ཐོག་ཚོང་དོན་ལས་སྟེགས་ནས་ཉོས་པའི་མྱུར་སྐྱེལ་བསྐུར་མ་ལེན་བཞིན་པ།

    ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་དང་སྦྲེལ་མཐུད་བྱེད་པའི་ཟོག་འགྲེམས་ཀུང་སིས་ལོ་སིའི་བྱང་རྒྱུད་ཀྱི་ཝུའུ་ཏུའོ་མུའུ་སའེ་ཞིང་ཆེན་མོང་སའེ་རྫོང་གི་གྲོང་མིར་ཚོང་ཟོག་སྤྲོད་བཞིན་པ།

    ལོ་སིའི་བྱང་རྒྱུད་ཀྱི་ཝུའུ་ཏུའོ་མུའུ་སའེ་ཞིང་ཆེན་ཟོག་འགྲེམས་ས་ཚིགས་ཀྱི་ལས་དོན་པས་ཝན་ཐེན་གྲོང་ཁྱེར་ནས་བསྐུར་བའི་མྱུར་སྐྱེལ་བསྐུར་མ་དབྱེ་གསེས་འབྱེད་བཞིན་པ།

    2023ལོའི་ཟླ་9པར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པའི་སྤྱི་དམངས་ཀྱི་སྒོ་དབྱེ་ཉིན་མོའི་རིང་ལྟ་སྐོར་བས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི་ལོ་སིའི་ཚོང་ཟོག་འགྲེམས་ཁང་ལ་ལྟ་སྐོར་བྱེད་བཞིན་པ།

    ཟླ་6ཚེས་27ཉིན་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཀྲུང་གོ་དང་། ལོ་སི། ཐེ་ལན། མ་ལེ་ཞི་ཡ་བཅས་ཀྱི་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་གྱི་དུས་གཏན་མེ་འཁོར་ཁྲུང་ཆིང་ཅང་ཅིན་ཞའོ་ནན་ཡཱ་བབས་ཚུགས་ནས་ཐོན་བཞིན་པ། དུས་གཏན་མེ་འཁོར་དེ་གཏོང་འགོ་ཚུགས་པ་ལས་ལམ་རྒྱུད་ས་ཁུལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཐོན་ལས་མཉམ་འགུལ་ལ་སྐུལ་མ་ཐེབས་རྒྱུ་རེད།

    ད་ལོའི་ཟླ་5པར་ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་གྲུབ་འབྲས་ཐོབ་པའི་སྒོ་ནས་འཁོར་རྒྱུག་བྱས་ཤིང་། 2022ལོའི་ཟླ་4པར་ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་གྲྭའི་ལག་རྩལ་རོགས་སྐྱོར་ཇུས་གཞིར་དངོས་སུ་མིང་རྟགས་བཀོད་པ་རེད། དེ་རྗེས་རྣམ་གྲངས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག ལོ་སིས་རྒྱལ་ཁབ་ཕྱི་ནང་གི་ཐོན་སྐྱེད་པ་དང་འཛད་སྤྱོད་པ་ཕན་ཚུན་འབྲེལ་མཐུད་བྱེད་པའི་སྦྲེལ་ཟམ་གསར་པ་བསྐྲུན་ནས། ཚོང་དོན་དང་མ་འཇོག་འཕར་རྒྱུར་སྐུལ་ཁྲིད་བྱས་པ་དང་ལས་ཞུགས་ལས་གནས་དེ་བས་མང་བ་བཏོད་པ་རེད།

    ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་གྲྭ་གཉེར་སྐྱོང་ལྟེ་གནས་སུ་ལོ་སིའི་ཞིང་ལས་ཐོན་རྫས་ཁྱབ་ཚུལ་དང་། རིན་གོང་འཕར་ཆག་གི་གནས་ཚུལ། མཁོ་སྤྲོད་ཆ་འཕྲིན་སོགས་གྱང་ལྡེབས་ཀྱི་གློག་རྡུལ་བརྙན་ཤེལ་ཆེན་པོར་རྒྱུན་ཆད་མེད་པར་གསར་སྒྱུར་བྱེད་ཀྱི་ཡོད། ལག་རྩལ་མི་སྣས་མ་ལག་ལ་རྒྱུན་གཏན་གྱི་ཉམས་གསོ་བྱེད་བཞིན་ཡོད་པ་དང་ལོ་སིའི་བཟོ་ལས་དང་ཚོང་དོན་པུའི་ཚོང་དོན་དང་ལག་ཤེས་བཟོ་ལས་སྐུལ་སྤེལ་སིའི་སི་ཀྲང་གཞོན་པ་ཏ་ལེས་རྣམ་གྲངས་ཀྱི་ཀྲུང་གོ་ཕྱོགས་ཀྱི་ཅིང་ལི་ཧུའུ་ཤན་པིན་དང་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞིར་གྲོས་བསྡུར་བྱེད་བཞིན་ཡོད།

    ཧུའུ་ཤན་པིན་གྱིས། ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་ནང་ལོ་སིའི་རྒྱལ་ནང་གི་ཞིང་ལས་ཐོན་རྫས་B2Bདྲ་ཐོག་ཚོང་དོན་ལས་སྟེགས་དང་། ཀྲུང་གོ་དང་ལོ་སིའི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ལས་སྟེགས། དེ་བཞིན་ལོ་སིའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་འཁོར་འབྲེལ་འདུས་སྦྱོར་མ་ལག ལོ་སིའི་ཞིང་ལས་ཐོན་རྫས་ཁྲོམ་རའི་རིན་གོང་མ་ལག ལོ་སིའི་ཞིང་ལས་ཐོན་རྫས་འབྱུང་ཁུངས་ཁུངས་འདེད་ཆ་འཕྲིན་མ་ལག ལོ་སིའི་ཞིང་ལས་ཐོན་རྫས་དྲ་ཐོག་ཚོང་དོན་ཡིད་རྟོན་མ་ལག་སོགས་འདེགས་སྐྱོར་མ་ལག་ཆེན་པོ་དྲུག་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་གྲྭ་ལས་བྱུང་བའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱིས་ལོ་སིའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ལ། ལོ་སིས་རྒྱལ་ཁབ་གཞན་དག་ལ་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་རེད། རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཐུབ་པར་ང་རང་སྤོབས་པ་སྐྱེས་ཀྱི་འདུག”ཅེས་ཏ་ལེས་བརྗོད།

    ལོ་སིར་ཞིང་ལས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཞིང་ལས་ཐོན་རྫས་སྣ་ཁ་མང་བ། ཞིང་ལས་ཐོན་རྫས་ཉོ་ཚོང་གི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་བཅས་ཡོད་མོད། འོན་ཀྱང་ཚོང་དོན་དང་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་མེད་པ་སོགས་ཀྱི་ཚོད་འཛིན་ཕོག་སྟེ། ལོ་སིའི་ཞིང་ལས་ཐོན་ལས་ཀྱི་ལེགས་ཆ་ནས་དགོས་ངེས་ཀྱི་ཕན་འབྲས་ཐོན་ཐབས་བྲལ་བས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་རྒྱུ་དགོས་གལ་ཧ་ཅང་ཆེན་པོ་ཡོད།

    2023ལོའི་ཟླ་10པར་ཀྲུང་གོ་དང་ལོ་སིས་མིང་རྟགས་བཀོད་པའི《ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་དང་ལོ་སི་མི་དམངས་གསར་བརྗེ་ཏང་གི་བྱ་སྤྱོད་འཆར་གཞི(2024ལོ་ནས་2028ལོ་བར)》ནང་མཛོད་ཉར་དང་ཟོག་འགྲེམས་དང་། གྲངས་འཛིན་ལག་རྩལ་བེད་སྤྱོད། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་རྒྱུན་མཐུད་བྱས་ཏེ་ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཁ་གསལ་བཏོན་ཡོད།

    ཀྲུང་ལོ་རྒྱལ་ཁབ་གཉིས་པོས་དྲ་ཐོག་ཚོང་དོན་ལས་སྟེགས་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ལོ་སིའི་ཞིང་ལས་ཐོན་རྫས་ཉོ་ཚོང་སྟབས་བདེ་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཀྲུང་ལོ་ལྕགས་ལམ་གྱིས་དྲ་ཐོག་ཚོང་དོན་གྱི“ལག་རྩལ་འབྲེལ་མཐུད”དང་ལྕགས་ལམ་གྱི“མཁྲེགས་ཆས་འབྲེལ་མཐུད”རྩེག་སྣོན་བྱ་རྒྱུར་སྐུལ་འདེད་བཏང་ནས་ལོ་སིའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རོགས་བྱས་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། ཀྲུང་ལོའི་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་རྒྱལ་ཁབ་གཉིས་པོའི་དབར་གྱི་ཞིང་ལས་ཐོན་རྫས་ཉོ་ཚོང་སྐྱེལ་འདྲེན་བྱེད་ཚད་ཆེས་ཆེར་འཕར་ཡོད། ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིའི་གྲངས་གཞི་ལས་མངོན་པར། 2021ལོའི་ཟླ་12པར་ལོ་ཀྲུང་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་ད་ལོའི་ཟླ་5ཚེས་31ཉིན་བར་ལོ་ཀྲུང་ལྕགས་ལམ་གྱི་ལོ་སིའི་དུམ་བུ་ནས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་ཁྲི་869.7ཙམ་ཕྱིར་གཏོང་བྱས་པ་དང་ཆ་སྙོམས་ཉིན་རེར་དངོས་ཟོག་ཏུན་ཆིག་ཁྲི་ཙམ་ཕྱིར་གཏོང་བྱས་ཡོད། དངོས་ཟོག་གི་རིགས་གཙོ་བོའི་གྲས་སུ་ཤིང་ཏོག་དང་། མུ་ཧྲུའུ་ཕྱེ་མ། འབྲས་དབྱི་སྨི། འགྱིག་སོགས་ཞིང་ལས་ཐོན་རྫས་ཚུད་ཡོད།

    མིག་སྔར་ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་གྲྭས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་20བསྐྲུན་ཡོད། ཝན་ཐེན་གྲོང་ཁྱེར་གྱི་ས་ཚིགས་3ཕུད། དེ་བྱིངས་ཀྱི་ས་ཚིགས་དག་ལོ་སིའི་ལང་པོ་ལ་མངའ་སྡེ་དང་། ནན་ཐ། ཀྲན་པ་སའེ་སོགས་སུ་ཁྱབ་ཡོད་པ་རེད།

    ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་འཛུགས་པ་དང་ཉམས་གསོ་བྱེད་པ་དང་དམངས་ཕན་ཞབས་ཞུའི་ས་ཚིགས་འཛུགས་པ་ཕུད། རྣམ་གྲངས་དེས་ད་དུང་ལོ་སིའི་སྲིད་གཞུང་གི་ལས་དོན་མི་སྣ་དང་འབྲེལ་ཡོད་ཐོན་སྐྱེད་བཟོ་གྲྭ་དང་གཉེར་སྐྱོང་ཚན་པའི་མི་སྣར་གསོ་སྦྱོང་བྱས་ནས། ལོ་སིའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རོགས་བྱས་པ་དང་ལོ་སིའི་ཞིང་ལས་ཐོན་རྫས་ཕྱི་རྒྱལ་དུ་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཕྱིར་ཚོང་ཁྲོམ་ར་རྒྱ་སྐྱེད་གཏོང་གི་ཡོད། ལོ་སིའི་བཟོ་ལས་དང་ཚོང་དོན་པུའི་པུའུ་ཀྲང་མཱ་ལའེ་ཐུང་གིས“ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མིག་རྒྱང་རིང་ཞིང་། ལོ་སིས་དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་སྙེག་ནས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་བྱེད་རོགས་བྱས་ཏེ། ལོ་སིར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་རམ་འདེགས་གང་ཐུབ་བྱེད་རྒྱུ་རེད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།