དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་མགོ་ཐུག་བྱུང་བ།

    རྒྱུན་གཏན་རྩིས་ཁྲའི་དྲང་ཁྱད་ཨ་སྒོར་དུང་ཕྱུར་941ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-12

    ཉེ་ཆར། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། དུས་ཚིགས་གཉིས་པར་རང་རྒྱལ་གྱི་རྒྱུན་གཏན་རྩིས་ཁྲའི་དྲང་ཁྱད་ཨ་སྒོར་དུང་ཕྱུར་549ཟིན་པ་དང་ལོ་སྟོད་དུ་རང་རྒྱལ་གྱི་རྒྱུན་གཏན་རྩིས་ཁྲའི་དྲང་ཁྱད་ཨ་སྒོར་དུང་ཕྱུར་941ཟིན་ཡོད།

    ལོ་སྟོད་དུ་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་མགོ་ཐུག་བྱུང་ཞིང་། རྒྱུན་གཏན་རྩིས་ཁྲའི་དྲང་ཁྱད་དང་དུས་མཚུངས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)དབར་གྱི་བསྡུར་ཚད་1.1%ཟིན་ནས་མུ་མཐུད་ལུགས་མཐུན་དོ་སྙོམས་ཀྱི་ཁོངས་སུ་གནས་པ་དང་། ཕྱོགས་གཉིས་ཀྱི་རྒྱལ་མཚམས་སྒྲོལ་བའི་མ་རྩ་འཁོར་རྒྱུག་བྱ་ཚུལ་བརྟན་པོ་དང་གོ་རིམ་ལྡན་པ་ཞིག་ཡོད།

    དངོས་ཟོག་ཉོ་ཚོང་གི་དྲང་ཁྱད་དེ་ཆུ་ཚད་ཅུང་མཐོ་པོ་རྒྱུན་འཁྱོངས་བྱུང་ཞིང་། ལོ་སྟོད་དུ་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་དགོས་མཁོའི་དངོས་ཟོག་ཉོ་ཚོང་གི་དྲང་ཁྱད་ཨ་སྒོར་དུང་ཕྱུར་2884ཟིན་པ་དེ། ལོ་ལྟར་གྱི་དུས་མཚུངས་ཀྱི་རིན་ཐང་མཐོ་ཤོས་གཉིས་པ་ཡིན་པ་དང་ལོ་གོང་མའི་དུས་མཚུངས་ལས་1%འཕར་ཡོད། དེའི་ནང་དངོས་ཟོག་ཚོང་དོན་ཕྱིར་གཏོང་ཨ་སྒོར་དུང་ཕྱུར་15796ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་3%འཕར་བ་དང་། ནང་འདྲེན་ཨ་སྒོར་དུང་ཕྱུར་12912ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་4%འཕར་ཡོད།

    ཞབས་ཞུའི་ཉོ་ཚོང་གཏོང་ཡོང་བརྟན་པོའི་ངང་འཕར་ཞིང་། ལོ་སྟོད་དུ་ཞབས་ཞུའི་ཉོ་ཚོང་གི་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་1229ཟིན་ཡོད། ཡུལ་སྐོར་གྱི་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་1032ཟིན་པ་དེ་དུས་མཚུངས་ལས་37%འཕར་བ་དང་། ཕྱི་རྒྱལ་བ་ཀྲུང་གོར་ཡོང་ཚད་དང་གྲོང་མི་རྒྱལ་མཚམས་བསྒྲལ་ནས་ཡུལ་སྐོར་དུ་སོང་ཚད་གཉིས་ཀ་མཐོ་རུ་ཕྱིན་པ། ཡུལ་སྐོར་གྱི་ཡོང་འབབ་དང་གཏོང་སྒོ་43%དང་37%སོ་སོར་འཕར་བར་སྐུལ་ཁྲིད་བྱས་ཡོད། ཞབས་ཞུ་ཉོ་ཚོང་གི་དྲང་ཁྱད་རྣམ་གྲངས་རྒྱུན་མཐུད་ཆེ་རུ་སོང་ཞིང་། དེའི་ནང་བློ་འདྲི་དང་བརྡ་ཁྱབ་སོགས་ཚོང་ལས་ཞབས་ཞུ་གཞན་དག་གི་དྲང་ཁྱད་ཨ་སྒོར་དུང་ཕྱུར་192ཟིན་ནས་ལོ་རྒྱུས་ཀྱི་གནས་ཚད་མཐོ་པོར་སླེབས་ཡོད། གློག་འཕྲིན་དང་། རྩིས་འཁོར། ཆ་འཕྲིན་ཞབས་ཞུ་བཅས་ཀྱི་དྲང་ཁྱད་ཨ་སྒོར་དུང་ཕྱུར་100ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་26%འཕར་ཡོད།

    ཕྱོགས་གཉིས་ཀྱི་ཐད་ཀའི་མ་འཇོག་བརྟན་པོ་དང་གོ་རིམ་ལྡན་པ་བྱུང་ཞིང་། ལོ་སྟོད་དུ་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་རྐང་དབང་རང་བཞིན་གྱི་ཐད་ཀའི་མ་འཇོག་ཨ་སྒོར་དུང་ཕྱུར་653བྱས་པ་དང་། ཁེ་ལས་ཁག་གིས་གོ་ལ་ཧྲིལ་པོ་ཅན་གྱི་བཀོད་སྒྲིག་ཧུར་ཐག་དང་གོ་རིམ་ལྡན་པའི་ངང་བྱས་པ། ཀྲུང་གོར་བཏང་བའི་རྐང་དབང་རང་བཞིན་གྱི་ཐད་ཀའི་མ་འཇོག་ཁྲོད་མ་དངུལ་ཨ་སྒོར་དུང་ཕྱུར་408མང་དུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།