དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་རང་ཉིད་འཕེལ་རྒྱས་ཀྱི་ལམ་བུར་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཆང་།   |     སྤེལ་དུས།  2024-08-11

    “ད་ཐེངས་སླར་ཡང་ས་གནས་ས་ཐོག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཙོ་དོན་གཏམ་བཤད་ཉན་རྒྱུ་བྱུང་བར་སེམས་ནང་བྱམས་བརྩེའི་ཚོར་སྣང་ཆེན་པོ་བྱུང་།‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་དེ་ཀྲུང་གོས་བཏོན་པ་དང་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཡོད”ཅེས་ན་ནིང་ཟླ་10པར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོ་འཚོགས་ཡུལ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཙོ་དོན་གཏམ་བཤད་གནང་བར་ཨུ་ཟ་བྷེ་ཁི་སི་ཐན་གྱི་《མི་དམངས་གཏམ་བརྗོད་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལུའུ་སི་ལན·ཁེན་ཀྲ་ཡེ་ཧྥུའུ་ཡིས་དྲན་གསོ་བྱེད་བཞིན་དུ་བཤད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བྱ་སྤྱོད་ཁག་བརྒྱད་ལ་རྒྱབ་སྐྱོར་བྱེད་པའི་ཁྱབ་བསྒྲགས་གནང་བ་དེས་ཁེན་ཀྲ་ཡེ་ཧྥུའུ་ལ་བག་ཆགས་ཟབ་མོ་བཞག་པ་དང་། ཁོང་གིས“བྱ་སྤྱོད་ཁག་བརྒྱད་ནང་ཀྲུང་གོ་དང་མཉམ་སྐྲུན་རྒྱལ་ཁབ་དབར་གྱི་མཉམ་ལས་ཕྱོགས་གངས་ཅི་ཐད་ལ་ཁྱབ་ཡོད་པས། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ངེས་རེད”ཅེས་བརྗོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཁེན་ཀྲ་ཡེ་ཧྥུའུ་ཡིས་བྱེད་སྒོ་སྤེལ་ཡུལ་གལ་ཆེན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ཐེངས་མང་ཉན་པ་རེད།

    2023ལོའི་ཟླ་5པར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོ་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དུ་འཚོགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་གཙོ་སྐྱོང་གནང་ནས་གཙོ་དོན་གཏམ་བཤད་གནང་བ་རེད། ཁེན་ཀྲ་ཡེ་ཧྥུའུ་ཡིས་དབུ་ཚོགས་འཚོགས་ཡུལ་དུ་ཟིན་ཐོ་ནན་ཏན་བཀོད་ནས《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱིས་ཕྱོགས་ཁག་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་རྒྱུ་རེད》ཅེས་པ་དང་། 《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས། ཤིས་ཨན་གྱིས་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་གྲ་སྒྲིག་ཡག་པོ་བྱས་ཡོད》《འཛམ་གླིང་ལ་དར་རྒྱས་ཆེ་བའི་ཨེ་ཤེ་ཡ་དབུས་མ་མཁོ་པོ་ཡོད》ཅེས་པ་སོགས་གསར་འགྱུར་མང་པོ་བྲིས་ཤིང་། ཁོང་གིས“ཤིས་ཨན་དུ་ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པའི་བདེན་དཔང་བྱ་རྒྱུ་བྱུང་བར་གཟི་བརྗིད་ཆེན་པོ་ཚོར་གྱི་འདུག”ཅེས་བརྗོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཙོ་དོན་གཏམ་བཤད་གནང་སྐབས“འཛམ་གླིང་ལ་བརྟན་ལྷིང་གི་ཨེ་ཤེ་ཡ་དབུས་མ་ཞིག་དགོས་ཀྱི་ཡོད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། རང་བཙན། མངའ་ཁོངས་ཆ་ཚང་བཅས་ངེས་པར་དུ་སྲུང་སྐྱོང་བྱེད་དགོས་པ་དང་། ཨེ་ཤེ་ཡ་དབུས་མའི་མི་དམངས་ཀྱིས་རང་བདག་ངང་བདམས་པའི་འཕེལ་རྒྱས་འགྲོ་ལམ་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས། ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱིས་ཞི་བདེ་དང་། འཆམ་མཐུན། ལྷིང་འཇགས་བཅས་ལ་འབད་བརྩོན་བྱས་པར་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས”ཞེས་པར་ཁེན་ཀྲ་ཡེ་ཧྥུས་སེམས་གཏིང་ནས་མོས་མཐུན་བྱས་པ་རེད། ཁོང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱིས་ས་ཁུལ་གྱི་རྒྱལ་ཁབ་ཁག་གིས་འགྲན་སློང་ལ་གྲོས་མོལ་བྱས་ནས་ཁ་གཏད་གཅོག་རྒྱུར་ལས་སྟེགས་གལ་ཆེན་བསྐྲུན་ཡོད་ཅེས་བརྗོད།

    ཁེན་ཀྲ་ཡེ་ཧྥུའུ་ཡིས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟག་ཏུ་གཞི་རིམ་དུ་ཕེབས་ནས་མང་ཚོགས་ཀྱི་འཚོ་བ་མཁྱེན་རྟོགས་དང་། མང་ཚོགས་ཀྱིས་བསམ་བློ་གཏོང་སར་དགོངས་པ་བཞེས་པ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་ཐུགས་ཁྲལ་གནང་བ། མང་ཚོགས་ཀྱི་དཀའ་ངལ་སེལ་བ་བཅས་གནང་བ་དེ་ལས་ཁོང་གིས་ཀྲུང་གོའི་མི་དམངས་ཀྱི་བདེ་རྩ་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་ཐུགས་ཁུར་གནང་ཆེན་པོ་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང”ཞེས་བརྗོད།

    ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་མ་འཚོགས་གོང་། ཁེན་ཀྲ་ཡེ་ཧྥུའུ་ཡིས་རྒྱལ་ཁབ་གཞན་གྱི་གསར་འགོད་པ་དང་མཉམ་དུ་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་མང་པོར་བཅར་འདྲི་བྱས་ཤིང་། ཁོང་གིས“ངས་ཀྲུང་གོའི་མི་དམངས་བདེ་སྡོད་ལས་བརྩོན་ཡོད་པ་མཐོང་བྱུང་ལ། ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པའང་ཚོར་གྱི་འདུག”ཅེས་བརྗོད། ལོ་10ལྷག་ཙམ་གོང་། ཁོང་ཀྲུང་གོར་ཐེངས་དང་པོ་ཡོང་སྐབས་དང་བསྡུར་ན་ད་ཆ་ཀྲུང་གོའི་འགྲིམ་འགྲུལ་དེ་བས་སྟབས་བདེ་བ་དང་། སྔོ་ལྗང་རི་ཀླུང་དེ་བས་མཛེས་སྡུག་ལྡན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དེ་བས་མིའི་འཚོ་སྡོད་དང་འཚམ་པ་བཅས་ཡོད་པ་རེད།

    ཧྲའན་ཤིས་ཞིང་ཆེན་ཡན་ཁྲོན་རྫོང་ལེང་ཅ་ཧོ་གྲོང་ཚོར་བཅར་འདྲི་བྱེད་སྐབས། ས་གནས་དེ་གའི་འཕེལ་རྒྱས་དང་འགྱུར་ལྡོག་ལས་ཁེན་ཀྲ་ཡེ་ཧྥུའུ་ལ་བག་ཆགས་ཟབ་མོ་བཞག་ཡོད། གྲོང་མི་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ན་གཞོན་དུས་ས་གནས་དེ་གའི་རུ་ཁག་ནང་ཞུགས་པའི་ལོ་རྒྱུས་བརྗེད་མེད་པར་ཚང་མས་ཕྱིར་དྲན་བྱེད་པའི་ཁྲོད་ནས་ཁེན་ཀྲ་ཡེ་ཧྥུའུ་ཡིས་སྐབས་དེ་དུས་ཀྱི་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ཞི་ཅིན་ཕིང་གིས་གྲོང་མི་ཚོ་དང་མཉམ་བཟའ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་གནང་ནས་ས་གནས་དེ་གའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་གནང་བ་ཤེས་རྟོགས་བྱུང་ཡོད།

    “ལོ་8རིང་། རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོའི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་དབུལ་སྒྲོལ་ཐུབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལོ་10ཡི་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད”ཅེས་ཁེན་ཀྲ་ཡེ་ཧྥུའུ་ཡིས་བརྗོད་པ་དང་། ཁོང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རང་ཉིད་ཀྱི་འཕེལ་རྒྱས་འགྲོ་ལམ་ཐོག་ལེགས་གྲུབ་ལྡན་པའི་ངང་བསྐྱོད་པ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། འབྱུང་འགྱུར་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུ་དང་རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།