དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐའ་མཚམས་ཀྱི་ཤིང་ཕོར་ལག་རྩལ་བ་བཀྲ་ཤིས་བག་གྲོའི་འཚོ་བ་གསར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞོགས་གཡང་དང་། མིག་དམར། བསྟན་འཛིན་ཕུན་ཚོགས། དབང་ཁྲུན། ཝུའུ་ཕེ་ཐའོ།   |     སྤེལ་དུས།  2024-08-11

    ཟླ་7པའི་ཟླ་དཀྱིལ་དུ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་དུ་ཆར་དུས་འཆར་ཞིང་། ཤང་སྲིད་གཞུང་གནས་ཡུལ་གྱི་འཁྲུག་ཆ་དོད་ཤོས་ཀྱི་ཁྲོམ་གཞུང་དུ་བག་གྲོའི་ཤིང་ཕོར་ཚོང་ཁང་ཞེས་སྒོ་བྱང་བཀལ་བའི་ཚོང་ཁང་དེའི་ནང་ཉིན་ལྟར་སྔ་དྲོ་ནས་ས་སྲོས་བར་ཚོང་འགྲུལ་གྱི་རྒྱུན་ཆད་ཀྱི་མེད།

    སྦྱིན་བདག་སྒྲོལ་དཀར་གྱིས་འཛུམ་དམུལ་དམུལ་ངང་རྒྱབ་ཀྱི་ཤིང་སྒྲོམ་ནས་བདེ་ལྕག་འཁྱུག་པོས་ཤིང་ཕོར་གཅིག་བླངས་ཏེ་ཚོང་ཤག་ལ་སྤྲད། ཁོ་མོས་ཤིང་ཕོར་གྱི་རིན་གོང་དང་རྒྱུ་ཆར་རྒྱུས་མངའ་ཆེན་པོ་ཡོད།

    གཟུགས་སྟོབས་ཆེ་ལ་ངོ་ཚ་སྨིན་པའི་ན་གཞོན་སྐྱེས་པ་ཞིག་གིས་ཀྱང་རྟག་ཏུ་སྒྲོལ་དཀར་དང་མཉམ་དུ་ཉོ་མཁན་ལ་དགོས་པའི་ཤིང་ཕོར་འཚོལ་རོགས་བྱེད་ཀྱི་ཡོད།

    ཁོང་གི་མིང་ལ་བཀྲ་ཤིས་བག་གྲོ་ཟེར་ཞིང་། ཤིང་ཕོར་ཚོང་ཁང་དེའི་སྦྱིན་བདག་ཡིན་པ་དང་ཚོང་ཁང་དེའི་ཤིང་ཕོར་མང་ཆེ་བ་ཁོང་གིས་བཟོས་པ་རེད།

    2009ལོར་ལྷུན་རྩེ་རྫོང་ཞོལ་གསར་ཤང་གི་ཕོ་གསར་བཀྲ་ཤིས་བག་གྲོ་དང་རྩ་རི་ཤང་ཅིག་ཅར་གྲོང་ཚོའི་བུ་མོ་སྒྲོལ་དཀར་ལམ་བཟོའི་ལས་ཡུལ་ནས་ངོ་ཤེས་པ་དང་དགའ་རོགས་བསྒྲིགས་ནས་མཐར་གཉེན་སྒྲིག་བྱས།

    ཨར་ལས་མཇུག་འགྲིལ་རྗེས་བཀྲ་ཤིས་བག་གྲོ་སྒྲོལ་དཀར་དང་མཉམ་དུ་ཅིག་ཅར་གྲོང་ཚོར་ལོག་ནས་སྒྲོལ་དཀར་ཁྱིམ་གྱི་མག་པར་གྱུར། སྐབས་དེ་དུས་སྒྲོལ་དཀར་གྱི་ཕ་མ་གཉིས་ཀ་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད། སྒྲོལ་དཀར་གྱི་ཕ་ཚུལ་ཁྲིམས་རྡོ་རྗེ་ནི་ཤིང་ཕོར་བཟོ་མཁན་ལག་རྩལ་པ་ཞིག་ཡིན་ལ། སྒྲོལ་དཀར་ཁྱིམ་རྒྱུད་ཀྱི་ཤིང་ཕོར་བཟོ་རྩལ་རྒྱུན་འཛིན་པ་མི་རབས་བཞི་པའང་རེད།

    སྐབས་དེ་དུས་ཁྱིམ་རྒྱུད་ནང་ཁུལ་དུ་རྒྱུན་འཛིན་བྱེད་པའི་ཤིང་ཕོར་བཟོ་རྩལ་དེ་ཚུལ་ཁྲིམས་རྡོ་རྗེའི་མི་རབས་འདིར་རྒྱུན་ཆད་མེད་ཀྱང་གོང་འཕེལ་གཏོང་ཐུབ་མེད། དེར་བརྟེན། དེ་ལོ་བཞི་བཅུ་ལྷག་ཙམ་ལ་སླེབས་པའི་ཚུལ་ཁྲིམས་རྡོ་རྗེའི་སེམས་ནད་ཅིག་ཏུ་གྱུར་ནས་རྟག་ཏུ་སེམས་མི་སྐྱིད་པ་ཡོང་གི་ཡོད།

    གཉེན་སྒྲིག་བྱས་རྗེས་ལས་ལ་བརྩོན་པའི་བཀྲ་ཤིས་བག་གྲོས་རྟག་ཏུ་ཕྱུགས་འཚོ་བར་སྐྱོད་པ་དང་། སྐབས་རེ་ཁོང་གིས་རི་སྟེང་ནས་རྙེད་པའི་སྡོང་པོའི་རྩ་བ་ཁྱིམ་དུ་ཁྱེར་ནས་སྒྱུག་པོར་སྤྲད་དེ་ཡག་པོ་ཡོད་མེད་དཔྱད་འདེམས་བྱེད་རོགས་ཞུ་གི་ཡོད། དེ་ལྟར་ཐེངས་གྲངས་མང་དུ་སོང་བས་ཁོང་གཉིས་པོའི་དབར་འབྲེལ་འདྲིས་ཟབ་ཏུ་ཕྱིན།

    ཚུལ་ཁྲིམས་རྡོ་རྗེས་བཀྲ་ཤིས་བག་གྲོ་ཤིང་ཕོར་བཟོ་རྒྱུར་དགའ་པོ་ཡོད་པ་ཚོར་ནས། ཁོ་པར་རྒྱུ་ཆ་དབྱེ་འབྱེད་ཇི་ལྟར་བྱེད་དགོས་པ་བསླབས་འགོ་ཚུགས་པ་མ་ཟད། སྟབས་བདེའི་ཤིང་ཕོར་བཟོ་རྩལ་ཡང་བསླབས་པ་རེད།

    བཀྲ་ཤིས་བག་གྲོས་ཁེངས་སྐྱུང་ངང་གནའ་བོའི་ལག་རྩལ་དེ་སྙིང་རུས་ཆེན་པོས་སྦྱོང་གི་ཡོད།

    རྣམ་པ་དེ་ཚུལ་ཁྲིམས་རྡོ་རྗེས་མཐོང་བ་དང་སེམས་སུ་དགའ་ཚོར་ཆེན་པོ་སྐྱེས་ཏེ་རང་ཉིད་ཀྱི་ལག་རྩལ་ཡོད་ཚད་བརྒྱུད་ཁྲིད་བྱས།

    ལོ་ཤས་སོང་རྗེས་བཀྲ་ཤིས་བག་གྲོ་ཤིང་ཕོར་བཟོ་རྩལ་པར་གྱུར་པ་མ་ཟད། ཁྱིམ་རྒྱུད་དེའི་རྒྱུན་འཛིན་པ་མི་རབས་ལྔ་པར་གྱུར།

    ང་ཚོས་བཀྲ་ཤིས་བག་གྲོའི་རྗེས་སུ་བསྐྱོད་དེ་བག་གྲོའི་ཤིང་ཕོར་ཚོང་ཁང་གི་སྒོ་ར་རྒྱབ་མ་བརྒྱུད་ནས་ཁོང་གིས་གཉེར་བའི་བག་གྲོའི་ཤིང་ཕོར་ལས་སྣོན་ཆེད་ལས་མཉམ་ལས་ཁང་དུ་སླེབས་བྱུང་། མཉམ་ལས་ཁང་གི་བཟོ་ཁང་ཐབས་ཆག་ཅིག་ལས་མེད་མོད། འོན་ཀྱང་དེའི་ནང་ཤིང་ཕོར་བཟོ་བའི་འཕྲུལ་ཆས་དང་ལག་ཆ་གྲལ་འགྲིག་པོས་བཞག་འདུག

    “ལྷུན་རྩེ་རྫོང་རྩ་རི་ཤང་ཤིང་ཕོར་བཟོ་རྩལ་གསོ་སྦྱོང་འཛིན་གྲྭ”ཞེས་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་ཞིག་གྱང་སྟེང་དུ་བཀལ་ཡོད་པ་དང་དེའི་འོག་ཏུ་ཤིང་ཕོར་བཟོ་བའི་ཤིང་བཟོའི་ལག་ཤེས་འཕྲུལ་ཆས་ཅིག་དང་ཕྱེད་ཙམ་རང་འགུལ་གྱི་ཤིང་ཕོར་བཟོ་བའི་འཕྲུལ་ཆས་གཅིག་མཉམ་དུ་བསྒྲིགས་འདུག

    འཕྲུལ་ཆས་རྙིང་པ་དེ་གཉིས་པོ་ནི་ཁྱིམ་ནས་རྒྱུན་འཛིན་བྱས་པ་ཞིག་རེད། ད་ཆ་བཀྲ་ཤིས་བག་གྲོས་གཅེས་ཉར་བྱས་པ་དང་འབྲེལ་དྲན་རྟེན་གྱི་ཚུལ་དུ་དེ་གར་བཞག་སྟེ་ཕྱིས་ཀྱི་ལས་གཉེར་པར་སྐུལ་ལྕགས་ཐེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    2018ལོར་བཀྲ་ཤིས་བག་གྲོས་རྩ་རི་ཤང་ཟམ་པ་མདོང་གྲོང་ཚོར་མཉམ་ལས་ཁང་བཙུགས་ཤིང་། ཕྱོགས་གཅིག་ནས་ཤིང་ཕོར་བཟོས་ནས་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་བ་དང་ཕྱོགས་གཞན་ཞིག་ནས་གཞོན་ནུ་དེ་བས་མང་བར་ཤིང་ཕོར་བཟོ་རྩལ་བསླབས་ནས་རྩ་རིའི་ཤིང་ཕོར་བཟོ་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་རེ་བ་བྱེད་ཀྱི་ཡོད།

    བྱ་བ་ཐམས་ཅད་མགོ་བརྩམས་དཀའ། བཀྲ་ཤིས་བག་གྲོ་བྱ་གཞག་གཏོད་པའི་ཐོག་མའི་དུས་མཚམས་སུ་ཉམས་མྱོང་མི་འདང་བའི་དབང་གིས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཅིང་། ཁོང་གིས“སྐབས་དེ་དུས་བྱ་གཞག་གཏོད་པར་ལམ་འགྲོ་དེ་ཙམ་མ་བྱུང”ཞེས་བཤད།

    བཀྲ་ཤིས་བག་གྲོས“གལ་སྲིད་དུས་རབས་ཡག་པོ་འདི་འདྲ་ཞིག་ཏུའང་རྩ་རིའི་ཤིང་ཕོར་བཟོ་རྩལ་དར་རྒྱས་གོང་འཕེལ་གཏོང་མ་ཐུབ་ཚེ་འགན་ཚང་མ་ང་ལ་ཡོད”ཅེས་བཤད།

    2020ལོར་བཀྲ་ཤིས་བག་གྲོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ལྷུན་རྩེ་རྫོང་མི་སྤྱི་ཅུས་ཀྱི་རོགས་རམ་འོག་རྩ་རི་ཤང་གི་ཤིང་ཕོར་བཟོ་རྩལ་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་གཉེར་བ་རེད།

    སྐབས་དེ་དུས་གནས་སྤོས་དུད་ཚང་ཁག་གཅིག་ལྷུན་རྩེ་རྫོང་གི་ཤང་དང་གྲོང་རྡལ་ཁག་ནས་རྩ་རི་ཤང་གྲོང་ནང་གྲོང་ཚོ་དང་ཟམ་པ་མདོང་གྲོང་ཚོར་གནས་སྤོ་བྱེད་པའི་སྐབས་དང་འཁེལ་ཡོད། ཁོང་གིས་དེའི་ཁྲོད་ནས་ཤིང་ཕོར་བཟོ་རྩལ་སྦྱོང་འདོད་ཡོད་པའི་གཞོན་ནུ་30བསྡུས་ཏེ་ས་ཆ་དང་། རྒྱུ་ཆ། ཉིན་རེའི་ལྟོ་ཐེངས་གསུམ་བཅས་མཁོ་འདོན་བྱས་ནས་དུས་ཡུན་ཟླ་བ་གཉིས་ནང་ཁོང་ཚོར་ལག་རྩལ་བརྒྱུད་ཁྲིད་བྱས་པ་རེད། ཁོང་གི་མཛུབ་ཁྲིད་འོག་མཐར་སློབ་མ་20ལྷག་ཙམ་གྱིས་ཤིང་ཕོར་བཟོ་བའི་རྨང་གཞིའི་བརྒྱུད་རིམ་ཁོང་དུ་ཆུད་པ་དང་དེའི་ནང་ལག་རྩལ་ལ་མཁས་པའི་སློབ་མ་13ཡོད་པ་རེད།

    ད་ཆ་ཁོང་གིས་གསོ་སྦྱོང་བྱས་པའི་ཤིང་ཕོར་བཟོ་མཁན་ཚོས་ལོ་ལྟར་ཧ་ལམ་ལོ་ཕྱེད་ཙམ་ཁོང་གི་མཉམ་ལས་ཁང་དུ་གཅིག་སྡུད་ཐོག་ཤིང་ཕོར་བཟོ་བར་ཡོང་གི་ཡོད། བཀྲ་ཤིས་བག་གྲོས་ཁོང་ཚོར་ཟ་མ་མཁོ་འདོན་བྱེད་པ་མ་ཟད། ཉིན་རེར་གླ་ཆ་སྒོར་350སྤྲོད་ཀྱི་ཡོད།

    “ང་ཚོ་ཕྱོགས་གཉིས་ཀར་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད”ཁོང་ཚོ་མཉམ་ལས་ཁང་ནང་ཞུགས་པ་ལས་བག་གྲོའི་ཤིང་ཕོར་ཚོང་ཁང་ལ་ཟོག་ཁུངས་ཀྱི་རྒྱུན་ཆད་ཀྱི་མེད།

    བག་གྲོའི་ཤིང་ཕོར་ཚོང་ཁང་གིས་གྲོང་མིའི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་མ་ཟད། རང་ངོས་ཀྱི་ཕན་འབྲས་བཟང་བར་བརྟེན་ཤང་གི་ཐོན་ལས་འཕེལ་རྒྱས་ཀྱི་མིང་བྱང་ཤིག་ཏུ་གྱུར་ཡོད། བཀྲ་ཤིས་བག་གྲོས“ད་ཆ་ལོ་ལྟར་ལྗོངས་ཕྱི་ནང་ནས་རྩ་རིར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བ་དང་བསྟུན་ངའི་ཁྱིམ་གྱི་ཤིང་ཕོར་ཚོང་ཡང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་འདུག”ཅེས་དགའ་ཚོར་ཆེན་པོས་བཤད།

    ད་ཆ་བཀྲ་ཤིས་བག་གྲོའི་ཁྱིམ་གྱིས་ལོ་ལྟར་ཤིང་ཕོར་གྱི་ཡོང་འབབ་ཁོ་ནར་བརྟེན་ནས་རྒན་གཞོན་ཚང་མའི་འགྲོ་སོང་ཕུད་ད་དུང་ལྷག་མ་ཡོད་པ་རེད། 2023ལོར་ཁོང་ཁྱིམ་གྱི་ཤིང་ཕོར་བཙོངས་པའི་ཡོང་འབབ་སྒོར་ཁྲི་59ཟིན་ཡོད། བཀྲ་ཤིས་བག་གྲོས་དུས་ཆེན་དང་གུང་གསེང་རིང་ངའི་ཁྱིམ་གྱི་ཉིན་རེའི་ཚོང་གཉེར་ཡོང་འབབ་སྐབས་འགར་སྒོར་ཁྲི་8ནས་9བར་ཟིན་གྱི་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།