དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-11

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“ཏང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས”བྱས་ནས“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ”དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ནང་ངེས་པར་དུ་ལག་ལེན་བསྟར་དགོས་པའི་རྩ་དོན་གལ་ཆེན་གྱི་ཨང་དང་པོར་འཇོག་དགོས། ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཤིག་ཀྱང་ཡིན།

    ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་འབྱེད་པའི་ཚོགས་འདུ་ཞིག་ཡིན་པས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་ཞིག་འགོ་ཚུགས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའང་དུས་རབས་འབྱེད་པའི་ཚོགས་འདུ་ཞིག་ཡིན་པས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་མ་ལག་ཧྲིལ་པོར་འཆར་འགོད་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དུས་རབས་གསར་པ་འགོ་ཚུགས་པ་ཞིག་ཡིན་པས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེར་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད། དུས་རབས་གསར་པར་འཕོ་འགྱུར་རླབས་པོ་ཆེ་འདི་ལྟ་བུ་བྱུང་བའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་ཀྱི་དགོངས་པས་སྣེ་ཁྲིད་ཕྱོགས་སྟོན་གནང་བས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བས་ཏང་ཡོངས་ལ“རྐང་འཛིན་པ”བྱུང་ལ། ཀྲུང་གོ་མི་དམངས་དུང་ཕྱུར་14ལ“རྟེན་སའང”བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་སྣེ་ཁྲིད་གནང་བས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་བསམ་བློའི་ཐད“ཚད་འཛིན་ས”དང་། བྱ་སྤྱོད་ཐད“ཕྱོགས་སྟོན་འཁོར་ལོ”ལྟ་བུ་བྱུང་ཡོད།

    ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེར་ལེགས་གྲུབ་ལྡན་པའི་ངང་སྐུལ་སྤེལ་གཏོང་བའི་རྩ་བའི་འགན་ལེན་ཞིག་ཀྱང་རེད། རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་གལ་འགངས་ཆེ་ཤོས་ཤིག་ནི“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་གིས་ཁྱོན་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་པ། ཏང་གི་འགོ་ཁྲིད་སྒྱུར་བཅོས་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ནས་སྒྱུར་བཅོས་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བཞིན་མདུན་དུ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    རེས་སྐོར་གསར་པའི་སྒྱུར་བཅོས་གཏིང་ཟབ་བྱེད་པའི་དུས་སུ་སླེབས་པས། འགལ་བ་དང་འབྲེལ་བའི་རྙོག་འཛིང་རང་བཞིན་ནི་འདས་པའི་དུས་ལས་མངོན་གསལ་གྱིས་མང་དུ་སོང་ནས་ཐག་གཅོད་དཀའ་བའི་གནད་དོན་མང་དུ་ཕྱིན་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག་ལ་བརྩིས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་བླངས་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པའི་བསམ་བློའི་ཆུ་ཚད་མཐོ་རུ་དང་བྱང་ཚད་ཀྱི་འཇོན་ཐང་ཆེ་རུ་ཟམ་མི་ཆད་པར་གཏོང་བ་དང་། སྤྱི་ཡོངས་འོག་རང་རྟོགས་ངང་བྱ་སྤྱོད་སྤེལ་བ། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་བྱེད་པ། སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་གོང་འོག་མཐུན་སྦྱོར་དང་བདེ་བླག་ནུས་ཆེའི་འགོ་ཁྲིད་ཀྱི་ལམ་སྲོལ་བཙུགས་པ་དང་། གོང་འོག་འབྲེལ་མཐུད་དང་ལག་ལེན་བསྟར་ནུས་ལྡན་པའི་རྩ་འཛུགས་མ་ལག་དམ་ཚགས་ཤིག་ཆགས་པར་བྱས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།