ས་ཚིགས་ཆུང་ཆུང་ནས་དྲོ་སྐྱིད་ཆེན་པོ་ཚོར་བ།
གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་དང་བླངས་ཞབས་ཞུའི་ས་ཚིགས་ཀྱི་སྐོར་བཀོད་པ།
“བུ་མོ་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་མེད་ན་ངས་ཁྱེར་བའི་ཤ་དང་མར་འཕྲོ་བརླག་འགྲོ་སྲིད”ཅེས་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་གི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བཅའ་སྡོད་བྱེད་མཁན་དང་བླངས་ཞབས་ཞུའི་ས་ཚིགས་ཀྱི་འཁྱགས་སྒམ་ནང་ཤ་དང་མར་བཅོལ་བཞིན་རྒན་མོ་སྐལ་སྒྲོལ་གྱིས་སེམས་འགུལ་ཐེབས་པའི་ངང་བཤད།
རྒན་མོ་སྐལ་སྒྲོལ་ནི་འབྲོང་པ་རྫོང་ནས་ཡིན་པ་དང་བུ་མོ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཕྲུ་གུ་སྐྱེ་བར་ཡོང་བས་ཆེད་མངགས་ཁྱིམ་ནས་བུ་མོར་གསོས་གཏོང་ཆེད་ཀྱི་ཤ་དང་མར་མང་པོ་ཁྱེར་ཡོད་པར་བརྟེན་འཁྱགས་པ་མ་བཏང་ན་འཕྲོག་བརླག་འགྲོ་སྲིད། རྒན་མོ་སྐལ་སྒྲོལ་གྱིས་སྨན་ཁང་འགྲམ་གྱི་ཚོང་ཁང་དང་ཟ་ཁང་ལ་བཅོལ་ཡང་ཉར་མཁན་བྱུང་མེད། མཐར་ཞབས་ཞུའི་ས་ཚིགས་ཀྱིས་ཁོང་ལ་ཉར་རོགས་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞབས་ཞུའི་ས་ཚིགས་དེ་ནི་གཞིས་རྩེ་གྲོང་ཁྱེར་གྱི་སྨན་ཁང་ནང་བཙུགས་པའི་དང་བླངས་ཞབས་ཞུའི་ས་ཚིགས་ཐོག་མ་དེ་ཡིན་པ་དང་ཟླ་7ཚེས་5ཉིན་དངོས་སུ་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་དང་། ཞབས་ཞུའི་དུས་ཚོད་ནི་ཉིན་ལྟར་གྱི་ཆུ་ཚོད་9:30ནས་ཆུ་ཚོད་24:00བར་ཡིན་ལ། ཁྲོམ་གཞུང་གིས་ཉིན་ལྟར་ལས་བྱེད་ལས་བཟོ་2དང་དང་བླངས་པ་བཀོད་སྒྲིག་བྱས་ནས་སྡོད་བྱ་བྱས་ཏེ་ཞབས་ཞུའི་ལས་དོན་སྤེལ་གྱི་ཡོད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) བསམ་གྲུབ་རྩེ་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་གིས་དང་བླངས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གཅེས་སེམས་སྟོབས་ཤུགས་བརྒྱུད་སྤྲོད། དུས་རབས་ཀྱི་ཉམས་འགྱུར་མངོན་པ། དམངས་བདེ་དམངས་ཕན་ལ་སྐུལ་འདེད་གཏོང་བ་བཅས་དམིགས་ཡུལ་དུ་བྱེད་པ་དང་གཞི་རིམ་བཅོས་སྐྱོང་གི་ནུས་པ་རྒྱུན་ཆད་མེད་པར་སྣུར་སྲིང་ལ་སྐུལ་འདེད་གཏོང་བ་དམིགས་ཚད་དུ་བྱས་ནས་གྲོང་ལྷོ་ཁྲོམ་གཞུང་དུ་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་དང་བླངས་པའི་ཞབས་ཞུའི་ས་ཚིགས་བཙུགས་ནས་ནད་པ་དང་ནད་པའི་ནང་མིར་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་ཏེ་གཅེས་སེམས་མཚོན་པར་བྱས་ནས་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པར་འགྱུར་བ་བྱས་ཡོད།
བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་དང་བླངས་པ་བློ་བཟང་ཆོས་སྒྲོན་གྱིས་དང་བླངས་ཞབས་ཞུའི་ས་ཚིགས་ལ་རྒྱ་ཁྱོན་སྨི་ངོས་གྲུ་72ཡོད་པ་དང་འཐུང་ཆུའི་འཕྲུལ་ཆས་དང་། འཁྱགས་སྒམ། ཅ་ལག་བཅོལ་སྒམ། ཉི་གདུགས། བྱིས་པ་རྩེད་མོ་རྩེ་ས། དཔེ་དེབ། ཧྲ་ཧྥ། དཔེ་ཀློག་སྟེགས་བུ་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་ལ། ནད་ལྟ་བར་ཡོང་མཁན་མང་ཚོགས་ལ་ཆུ་ཁོལ་དང་། ཤ་མར་བཅོལ་ས། ཅ་ལག་ཉར་ས། ན་སོ་དར་ལ་མ་བབས་པའི་མི་གནས་སྐབས་བཅོལ་ས་སོགས་ཀྱི་ཞབས་ཞུའི་ལས་དོན་སྤེལ་གྱི་ཡོད། ཞབས་ཞུ་ས་ཚིགས་བཙུགས་ནས་ཟླ་བ་1རིང་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་བརྒྱ་ལྷག་ཙམ་སྤེལ་བར་ནད་པ་དང་ནད་པའི་ནང་མིའི་གདེང་འཇོག་ཡག་པོ་ཐོབ་ཡོད་ཅེས་བཤད།
བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་པད་མ་བུ་ཁྲིད་ཀྱིས་མང་ཚོགས་ཀྱི་བློ་མགུ་པོ་བྱུང་བ་ནི་དང་བླངས་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་ལ་གདེང་འཇོག་བྱས་པ་ཞིག་ཡིན་ལ། ཁྲོམ་གཞུང་དང་སྡེ་ཁུལ་གྱི་དང་བླངས་པས་ཞབས་ཞུ་མཐའ་འཁྱོངས་བྱེད་སེམས་ཤུགས་ཆེ་རུ་ཕྱིན་ཡོད། གོམ་སྟབས་རྗེས་མར་གྲོང་ལྷོ་ཁྲོམ་གཞུང་གིས་ས་ཚིགས་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་མང་ཚོགས་ལ་དྲིལ་བསྒྲགས་དང་། སློབ་གསོ། ཐུགས་ཁུར། ཞབས་ཞུ་བཅས་བྱེད་པའི“མཐའ་མའི་སྤྱི་ལེ་གཅིག”ཤར་བགྲོད་ཐུབ་པ་བྱས་ནས་ས་ཚིགས་དེ་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་དམངས་སེམས་འདུ་འགོད་ལ་འགྱུར་བ་བྱ་རྒྱུ་མ་ཟད། གཅེས་སེམས་བརྒྱུད་སྤྲོད་བྱས་ནས་མི་དེ་བས་མང་པོས་སྤྱི་ཚོགས་ཀྱི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་བ་བྱ་རྒྱུ་དང་འབྲེལ་ཞབས་ཞུའི་ས་ཚིགས་ཆུང་ཆུང་ལས་དྲོ་སྐྱིད་ཆེན་པོ་དེ་བས་མཚོན་པར་བྱེད་ཀྱི་ཡིན་ཞེས་བཤད།